བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་མོན་རྟ་དབང་དགོན་པར་ཆོས་འབྲེལ་གནང་བཞིན་འདུག

བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་མོན་རྟ་དབང་དགོན་པར་བདུན་གཅིག་རིང་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་བཀའ་ཁྲིད་གནང་བཞིན་འདུག

བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་མོན་རྟ་དབང་དགོན་པར་ཆོས་འབྲེལ་གནང་བཞིན་པ། ༠༣།༠༩།༢༠༢༢ མཐུན་འགྱུར་པར་རིས།/RFA

དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་འདི་ཚེས་༨་ནས་༡༤་བར་བདུན་ཕྲག་གཅིག་ཙམ་རིང་། རྟ་དབང་དགོན་པའི་སྔར་གྱི་ཕྱག་སྲོལ་མི་ཉམས་རྒྱུད་འཛིན་ཡོང་རྒྱུར་དམིགས་ཏེ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་བསྐྱེད་རྫོགས་ཀྱི་བཀའ་ཁྲིད་གནང་བཞིན་པ་དང་། མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་འགན་འཛིན་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། གསང་བ་འདུས་པའི་བཀའ་ཁྲིད་ཞུ་རྒྱུར་རབ་བྱུང་ན་གསང་བ་འདུས་པའི་དབང་ཐོབ་དགོས་པ་ལས་དེ་མིན་ཡིད་དམ་གསང་བདེ་འཇིགས་གསུམ་དང་། ཡང་ན་བླ་མེད་ཀྱི་དབང་གང་རུང་ཤིག་མ་ཐོབ་པར་གསང་བ་འདུས་པའི་བཀའ་ཁྲིད་དེ་ཞུ་ཆོག་གི་མེད་དུས། ད་རེས་གསང་བ་འདུས་པའི་བཀའ་ཁྲིད་ཞུ་བར་བཅར་མཁན་རྟ་དབང་དགོན་པའི་དགེ་འདུན་པ་སྐུ་བགྲེས་པ་ཚོ་དང་། དེ་བཞིན་འབྲས་སྤུང་བློ་གསལ་གླིང་དང་། སེ་ར་གཉིས་ནས་བླ་སྤྲུལ་ཁག་ཅིག གཞན་ཡང་ས་གནས་ཀྱི་བླ་སྤྲུལ་དགེ་བཤེས་སོགས་བཅར་གནང་ཡོད་པ་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་གསུང་ཆོས་ཉིན་དང་པོའི་སྔོན་འགྲོའི་ཆོས་བཤད་གནང་སྐབས། མདོ་སྔགས་གཉིས་ཀྱི་ཁྱད་པར་སྤྱི་དང་། ལྷག་པར་དུ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་བྱུང་རིམ་དང་ཉམས་བཞེས་གནང་ཕྱོགས་སོགས་ཀྱི་སྐོར་ཞིབ་ཕྲ་གསུངས་ཡོད་པ་རེད་འདུག


དེ་སྔ་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༡༤་ལོར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་རྟ་དབང་དགོན་པར་ཐོག་མར་དགའ་ལྡན་ལྷ་བརྒྱ་མ་དང་། བློ་སྦྱོང་ཚིགས་བརྒྱད་མ། ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་གནང་མྱོང་བ་དང་། དེའི་རྗེས་རྟ་དབང་དགོན་པ་རང་གིས་གསོལ་འདེབས་ཞུས་དོན་ལྟར། བླ་མ་མཆོད་པ་དང་། དགའ་ལྡན་ལྷ་བརྒྱ་མའི་གསུང་ཆོས་གནང་ཡོད་པ་བཅས་ཟམ་གདོང་རིན་པོ་ཆེ་ཡིས་རྟ་དབང་ཁུལ་དུ་སྔ་རྗེས་ཆོས་འབྲེལ་ཐེངས་འགའ་ཤས་གནང་མྱོང་ཡོད་པ་རེད།
ད་རེས་གསུང་ཆོས་འགྲུབ་རྗེས་རྟ་དབང་དགོན་པས་བླ་མ་མཆོད་པའི་བདེ་སྟོང་དབྱེར་མེད་ཀྱི་སྒོ་ནས་ཟམ་གདོང་རིན་པོ་ཆེ་ལ་བརྟན་བཞུགས་འབུལ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
སྤྱིར་བཏང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་དེ་ནི། རྒྱ་ནག་གཞུང་གིས་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་བཤད་དེ་རྒྱ་གར་གྱི་དཔོན་རིགས་དང་། དེ་བཞིན་༧གོང་ས་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་གནད་ཡོད་མི་སྣ་ཚོ་ཁུལ་དེར་ཕེབས་སྐབས། རྒྱ་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། ད་ལན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཆིབས་བསྒྱུར་དེ་ནི་ཆོས་ཕྱོགས་ཁོ་ནའི་མཛད་རིམ་ཞིག་ཡིན་དུས། རྒྱ་གཞུང་གིས་སྐྱོན་བརྗོད་དང་འགོག་རྐྱེན་བཟོ་པ་དེ་འདྲ་བྱུང་མེད་སྐོར་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱིས་གསུང་གནང་བྱུང་།
རྟ་དབང་དགོན་པ་ནི་རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར། གང་ཉིད་ཀྱི་ཞལ་སློབ་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་མཆོག་ནས་ཕྱི་ལོ་༡༦༨༡་ལོར་ཕྱག་བཏབ་གནང་མཛད་པ་དང་། རྒྱལ་མཆོག་ལྔ་པ་ཆེན་པོའི་བཀའ་དགོངས་ལམ་སྟོན་ལྟར། ས་ག་ཟླ་བའི་ཚེས་༡༣་ནས་་༡༩་བར་རལ་གྲིའི་དཀྱིལ་འཁོར་བཞེངས་གནང་ཏེ་གསང་བ་འདུས་པའི་བསྒྲུབ་མཆོད་ཚོགས་རྒྱུ་དབུ་བཙུགས་གནང་བ་ནས་བཟུང་རིམ་པས་གྲྭ་ཚང་གི་གྲ་རྒྱུན་འཕེལ་རྒྱས་སུ་ཕྱིན་པའི་རྗེས་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་གྲུབ་མཆོད་ཚོགས་རྒྱུ་སོགས། གྲྭ་ཚང་གི་ནང་ལོ་གཅིག་གི་ཆོས་ཐོག་མཛད་རིམ་ཁག་དུ་མ་ཞིག་གཏན་འབེབས་གནང་བ་དེ་མུ་མཐུད་དུ་རྒྱུད་འཛིན་གནང་བཞིན་ཡོད་པའི་ནང་ནས་གསང་བ་འདུས་བ་དེ་ནི་རྟ་དབང་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཤིག་ཡིན་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org