དུས་ཚོད་དམ་འཛིན་གནང་རྒྱུ་དེ་མི་ཚེའི་གོམས་གཤིས་སུ་འཇཊ་དགོས།
2015.03.02

མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྡ་སྟེང་བོད་ཁྱིམ་གྱི་དགེ་ལས་ཡོངས་ལ་བཟང་སྤྱོད་སྐོར་བཀའ་སློབ་གནང་འདུག
དེ་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལོ་འཁོར་གསར་པའི་སློབ་གྲྭ་འགོ་འཛུགས་ཀྱི་ཉིན་མོར། རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་དང་ལས་བྱེད་རྣམས་ལ་བཟང་སྤྱོད་ཀྱི་ཀུན་སློང་དང་། ལྷག་བསམ་གྱི་མཁོ་གནད། དགེ་སློབ་དབར་གྱི་འབྲེལ་ལམ་དང་གཅེས་སྐྱོང་། ནང་ཁུལ་གྱི་དམ་ཚིག་བསྲུང་རྒྱུའི་དགེ་མཚན་དང་དགོས་པ་མདོར་ན་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱིས་སོ་སོར་འཁྲིས་པའི་ལས་འགན་སྒྲུབ་ཕྱོགས་ཐོག་ལམ་སྟོན་གསུང་བཤད་གནང་ཡོད་པ་དང་། ཐོག་མར་དུས་ཚོད་དམ་འཛིན་གནང་རྒྱུ་དེ་མི་ཚེའི་གོམས་གཤིས་སུ་འཇགས་ཐབས་དགོས་ཚུལ་དང་། ལེགས་ཆ་རྣམས་བླང་དགོས་པ། བདག་ཉིད་ཆེན་པོ་གཱན་དྷིས་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་རྣམས་ཚུལ་བཞིན་རྟོགས་ནས་ཉམས་མྱོང་རིམ་གསོག་གིས་དེའི་ཉེས་སྐྱོན་རྣམས་གསལ་བཏོན་ཆེད་“རྒྱ་གར་གྱི་རང་དབང་” Hind Swarajཞེས་པའི་ཕྱག་དེབ་གྲགས་ཅན་དེ་མཛད་གནང་ཚུལ་དེང་གི་འཁྲུག་ཆ་དོད་པའི་འཇིག་རྟེན་འདིའི་ནང་བཟང་སྤྱོད་མི་ཉམས་གོང་འཕེལ་ཆེད། ༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་སྟོང་ལོ་གསར་པའི་བཟང་སྤྱོད་དང་། ཆོས་ལུགས་ལས་འདས་པའི་འཇིག་རྟེན་སྤྱི་ཡོངས་ཀྱི་བཟང་སྤྱོད་ཅེས་པའི་དཔེ་དེབ་གཉིས་པོར་སློབ་སྦྱོང་བྱ་དགོས་ཚུལ་བཀའ་སློབ་གནང་ཡོད་པ་མ་ཟད། བོད་པའི་སློབ་ཕྲུག་ལ་རྩིས་དང་ཚན་རིག་སོགས་བསླབ་རྒྱུ་ཡིན་ན་བོད་པའི་སློབ་གྲྭ་ཟུར་འཛུགས་མི་དགོས་པར་རྒྱ་གར་གྱི་སློབ་གྲྭ་གཞན་དུ་བཏང་ན་འགྲིགས་ཀྱི་ཡོད་ཀྱང་བོད་ཕྲུག་ཚོ་བོད་མི་ཚད་ལྡན་ཞིག་བཟོ་ཆེད་བོད་པའི་སློབ་གྲ་ཆེད་བཙུགས་གནང་ཡོད་པ་རེད་ཅེས་དང་། དེས་ན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་དེ་མ་བརྗེད་པ་གནང་དགོས་པ་དང་། བཟང་སྤྱོད་ཉམས་ན་སྤྱི་ཚོགས་ནང་བདེ་འཇགས་དང་བརྟན་ལྷིང་མི་ཡོང་བས་བཟང་སྤྱོད་དང་ངན་སྤྱོད་ཀྱི་ས་མཚམས་ནི་འཚེ་བ་ཡོད་མེད་ལ་ཐུག་ཡོད་སྟབས་འཚེ་བ་ཡོད་མེད་ཀུན་སློང་ཐོག་ནས་དབྱེ་འབྱེད་བྱེད་དགོས་པར་བརྟེན་ཀུན་སློང་བཟང་པོ་འཛིན་དགོས་པ་སོགས་བཀའ་སློབ་རིམ་པ་གནང་ཡོད་པ་རེད།