ཨ་རིའི་ནང་རྒྱ་ནག་གི་ཆབ་སྲིད་ཤུགས་རྐྱེན་འགོག་ཐབས་ཀྱི་ཁྲིམས་འཆར་བསྐྱར་བཏོན།
2019.02.14
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ནས་ཨ་རིའི་ནང་རྒྱ་ནག་གི་ཆབ་སྲིད་ཤུགས་རྐྱེན་འགོག་ཐབས་ཀྱི་ཁྲིམས་འཆར་བསྐྱར་དུ་གྲོས་ཚོགས་ཐོག་བཏོན་གནང་འདུག
ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ མ་རི་ཡོ་རུ་སྦིཡོ་(Marco Rubio)དང་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ ཀེཐ་རིན་ ཀོར་ཏེཛ་ མསྀ ཏརོ (Catherine Masto)རྣམ་གཉིས་ཀྱིས་ཨ་རིའི་ནང་རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤེལ་བའི་བྱ་སྤྱོད་ལ་ཁ་གཏད་བཅོག་པའི་ཁྲིམས་འཆར་ཞིག་ཕྱི་ཟླ་ ༢ ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་ནང་བཏོན་ཡོད་པ་དང་། ཁྲིམས་འཆར་དེ་གལ་སྲིད་ཁྲིམས་སུ་གཏན་འབེབས་འབྱུང་ཚེ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དང་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་གྱི་ལས་དོན་རུ་ཁག་ཅིག་བཙུགས་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང་ཁུངས་ལྡན་མ་ཡིན་པའི་གནས་ཚུལ་ཁྱབ་སྤེལ་དང་། གཡོ་སྒྱུའི་བྱེད་ལས། དེ་བཞིན་དཔལ་འབྱོར་གྱི་བསླུ་བྲིད་བརྒྱུད་ནས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ནང་རྒྱ་ནག་གི་ཤུགས་རྐྱེན་སྤྲོད་ཐབས་ཀྱི་བྱེད་ལས་དང་འབྲེལ་བའི་སྐོར་ཨ་རིའི་རྒྱལ་ཁབ་ཀྱི་གསང་བའི་ལས་དོན་དང་མི་འབྲེལ་བའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་དགོས་ཀྱི་ཡོད་པ་རེད།
ལྷག་པར་དུ་ཁྲིམས་འཆར་དེའི་ནང་ཨ་རིའི་མི་སེར་ཡིན་པའི་ཡུ་གུར་བ་དང་བོད་པ། རྒྱ་རིགས་བཅས་ལ་རྒྱ་ནག་གི་ཤུགས་རྐྱེན་དང་རྒྱ་གཞུང་གིས་སྡིག་སྐུལ་བྱ་སྤྱོད་ཁག་འགོག་ཐབས་ཀྱི་ཐབས་ཇུས་ཤིག་འདོན་གནང་དགོས་པ་བརྗོད་ཡོད་པ་རེད། གྲོས་ཚོགས་འཐུས་མི་མར་ཀོ་རུ་སྦིཡོ་མཆོག་ནི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གྲོས་ཚོགས་གོང་མའི་ནང་ཐོག་མར་གྲོས་འགོ་བཏོན་གནང་མཁན་དེ་ཡིན་ལ། བོད་ནང་ཤིན་ཅང་ནང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་རྟག་ཏུ་སྐྱོན་བརྗོད་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཁོང་གིས་ཨ་རི་དང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་ཚགས་ཚུད་པོས་ཁ་གཏད་གཅོག་པར་ང་ཚོས་ངེས་པར་དུ་རྒྱ་ནག་གི་ལས་དོན་ཞིབ་ཚགས་པོ་ཤེས་རྟོགས་དགོས་ཀྱི་ཡོད་པ་ཡིན་ཞེས་དང་། ངས་ད་ལྟ་ཁྲིམས་འཆར་འདི་བསྐྱར་དུ་གྲོས་ཚོགས་ཐོག་བཏོན་རྒྱུ་བྱུང་བ་དགའ་ཚོར་དང་ཁྲིམས་འཆར་འདི་གཏན་འབེབས་བྱུང་ཚེ་ཨ་རིའི་འབྲེལ་ཡོད་ཚང་མར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པའི་སྐོར་ཡོད་འདུག
ཡང་གྲོས་ཚོགས་འཐུས་མི་ལྕམ་ཀེཐ་རིན་མསྀ་ཏརོ་(Catherine Masto)མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་པ་དེའི་ནང་ང་ཚོའི་དམངས་གཙོའི་ལམ་ལུགས་ཐོག་སྲིད་དབང་གཅིག་སྡུད་ཀྱི་དབང་འཛིན་པ་ཚོས་འཐབ་རྒོལ་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་ཁྲིམས་འཆར་དེ་བརྒྱུད་ནས་གནད་དོན་དེ་དག་གི་ཐོག་ཨ་རིའི་ནང་གོ་རྟོགས་ཟབ་མོ་སྤེལ་ཐུབ་རྒྱུ་ཡིན་པ་བརྗོད་འདུག
གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མར་ཀོ་རུ་སྦིཡོ་(Marco Rubio)མཆོག་དང་ལྕམ་ཀེཐ་རིན་མསྀ་ཏརོ་(Catherine Masto)རྣམ་གཉིས་ཀྱིས་བཏོན་གནང་བའི་ཁྲིམས་འཆར་དེའི་ཐོག་རྒྱབ་སྐྱོར་ཞུ་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ ཀོ་རི་གརཌ་ནེར་དང་ཨེཌ་མར་ཧྥི། ཇོན་ཀོར་ནིན། ཊོམ་ཀོ་ཊོན་བཅས་ཡིན་འདུག