ཨ་རིའི་རྒྱལ་སར་བོད་མི་དམངས་སྤྱི་འཐུས་འོས་མིའི་བགྲོ་གླེང་གནང་བ།
2016.01.11
ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཨ་རིའི་རྒྱལ་སར་བོད་མི་དམངས་བྱང་ཨ་རིའི་སྤྱི་འཐུས་འོས་མིའི་བགྲོ་གླེང་གནང་བ།
དེ་ཡང་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་འོག ཁ་ས་སྤྱི་ཟླ་དང་པོའི་ཚེས་དགུའི་ཉིན། སྐབས་༡༦པའི་བྱང་ཨ་རིའི་བོད་མི་དམངས་སྤྱི་འཐུས་འོས་མིའི་བགྲོ་གླེང་གནང་ཡོད་པ་དང་། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་དང་པོའི་ཐོག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཉེ་གནས་སུ་ཡོད་པའི་Annandale Northern Virginia Community Collegeཞེས་པའི་ས་གནས་ཀྱི་སློབ་གྲྭ་ཆེན་མོ་དེའི་ཚོགས་ཁང་། བོད་མི་ཚོ་འཛོམས་ནས་བགྲོ་གླེང་གནང་སྐབས། དེའི་ཐོག་སྐབས་༡༦པའི་བྱང་ཨ་རིའི་བོད་མི་དམངས་སྤྱི་འཐུས་འོས་མི་གཉིས་ཀྱི་ཆེད་དུ་ཁྱོན་འོས་མི་དྲུག་མཉམ་ཞུགས་གནང་ཡོད་པ་རེད། ཁོང་ཚོ་ནི། པད་མ་ཕྱག་མཛོད་ཚང་ལགས་དང་། སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས། ད་ལྟའི་སྤྱི་འཐུས་ལས་ཐོག་བཀྲ་ཤིས་རྣམ་རྒྱལ་ལགས། བསྟན་འཛིན་རང་གྲོལ་ལགས། ཚེ་དབང་རིག་འཛིན་ལགས། དྭངས་བླང་འོས་མི་སྐལ་བཟང་རྒྱས་རྒྱས་ཀྲི་ལགས་བཅས་ཡིན་པ་རེད་འདུག
ཡང་ད་རེས་ས་གནས་གཞོན་ནུའི་བྱང་ཨ་རིའི་བོད་མི་དམངས་སྤྱི་འཐུས་ཀྱི་བགྲོ་གླེང་དེ་གནང་དགོས་དོན་ནི། སྤྱི་འཐུས་འོས་མི་ཁོང་རྣམས་པས། བོད་ཀྱི་གནད་དོན་འདྲ་མིན་ཐོག་རང་སོ་སོའི་དགོངས་ཚུལ་མི་ཚོས་མཁྱེན་རྟོགས་ཡོང་ཆེད་དང་། དེ་བཞིན་བྱང་ཨ་རིའི་ཁུལ་གྱི་བོད་མིའི་མགྲིན་ཚན་པ་ཚད་ལྡན་ཞིག་འོས་འདེམས་ཡོང་ཐབས་ཡིན་པའི་སྐོར་ཨ་རིའི་རྒྱལ་སའི་མངལ་ཁུལ་གྱི་ས་གནས་བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་འབྲུག་བྱམས་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་ཡོད།
བགྲོ་གླེང་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། ཤིང་བཟའ་རིན་པོ་ཆེ་སོགས་ཀྱི་གཙོས་མི་གྲངས་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད།
གསར་འགོད་པ་ཀརྨ་རྒྱ་མཚོ།