བོད་ནང་གི་རྩོམ་པ་པོ་རོང་བོ་གངས་དཀར་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

བོད་ནང་གི་རྩོམ་པ་པོ་རོང་བོ་གངས་དཀར་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་ད་ལྟའི་ཆར་ཁོང་གི་གནས་སྟངས་གསལ་ཆ་མེད་པར་གྱུར་འདུག

བོད་ནང་གི་རྩོམ་པ་པོ་རོང་བོ་གངས་དཀར་ལགས་འཛིན་བཟུང་མ་བྱས་སྔོན། བོད་འབྱོར།/RFA

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། བོད་ནང་གི་རྩོམ་པ་པོ་དང་ལོ་ཙ་པ་རོང་བོ་གངས་དཀར་ལགས་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་བའི་རྗེས་ད་ལྟའི་ཆར་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གནས་སྟངས་ཁ་གསལ་མེད་པར་ལྷག་ཡོད་པ་རེད།
བོད་ནས་གནས་ཚུལ་ངོ་སྤྲོད་པས་བརྗོད་ན། དགུང་ལོ་༤༨ཙམ་ཡིན་པའི་རོང་བོ་གངས་དཀར་ལགས་སྤྱི་ལོ་༢༠༢༡གི་ལོ་འགོ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྗེས་སུ་རིམ་པས་ཁོང་གི་གྲོགས་པོ་ངོ་ཤེས་སོགས་བརྒྱུད། ཁོང་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་གསང་སྟབས་ཀྱིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཤེས་རྟོགས་བྱུང་། ཡིན་ན་ཡང་སྐབས་དེ་དག་ལ་སྤྱིར་བོད་ནང་དམ་དྲག་ཡོད་པའི་ཐོག་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཆེད་ས་གནས་སུ་ཕྱོགས་གང་ཐད་ནས་དམ་དྲག་བྱས་ཡོད་པ་དང་། ལྷག་པར་གསང་སྟབས་ཀྱིས་བཙན་ཁྲིད་བྱས་བར་བརྟེན་ཁོང་འཛིན་བཟུང་བྱས་བ་སྤྱི་ལོ་༢༠༢༡གི་འགོ་སྟོད་ཙམ་ཡིན་པར་ཚོད་དཔག་ཙམ་ལས་ཟླ་ཚེས་གསལ་བོ་ཤེས་རྟོགས་དཀའ་བ་བརྗོད་བྱུང་།
ཡང་བོད་ནང་གི་བོད་མི་གཞན་ཞིག་གིས་བརྗོད་ན། རོང་བོ་གངས་དཀར་ལགས་ནི་ཨ་མདོ་རྨ་ལྷོ་རེབ་གོང་ནས་ཡིན་པ་དང་། རྩོམ་ཡིག་དང་བསྒྱུར་རྩོམ་མང་པོ་འབྲི་མཁན་ཞིག་ཡིན། ནམ་རྒྱུན་རོང་བོ་དགོན་པར་བཞུགས་སྐབས་དགེ་འདུན་པ་ཚོས་ཁོང་ལ་དོན་ཡོད་དཀར་ལྡང་ཞེས་འབོད། རྗེས་སུ་ཁོང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བ་རེད་ཟེར། མ་མཐོང་བར་ཡུན་རིང་པོ་འགོར་སོང་ཅེས་ངོ་སྤྲོད་གནང་བྱུང་།


རོང་བོ་གངས་དཀར་ལགས་ཀྱིས་སྔ་རྗེས་སྙན་རྩོམ་བརྒྱ་ཕྲག་ཡོད་པའི་སྙན་དེབ་༼མདུད་པ༽་གཙོས་སྙན་དེབ་དང་། བསྒྱུར་རྩོམ་གྱི་དེབ་མི་ཉུང་བ་བརྩམས་ཡོད་ལ། ཁོང་བོད་ཡིག་གཙོས་རྒྱ་ཡིག་གི་ཤེས་ཚད་ཧ་ཅང་ཡག་པོ་ཡོད་པས། ཕྱི་ནང་གི་དཔེ་དེབ་གྲགས་ཅན་མི་ཉུང་བ་ཞིག་བོད་བསྒྱུར་གནང་ཡོད་པ་བོད་ནང་དགའ་བསུ་ཐོབ་མྱོང་བ་དང་། སྤྱི་ལོ་༢༠༡༢ལོར་མདུད་པ་སྙན་དེབ་པར་བསྐྲུན་འགྲེམས་སྤེལ་སྐབས། ད་སྐབས་རྒྱ་ནག་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་ལྷམ་ཀོག་ལགས་ཀྱིས། བོད་ཀྱི་གྲྭ་བཙུན་གྱི་སྡེ་རུ་རོང་བོ་གངས་དཀར་ལྟ་བུའི་དེང་རབས་སྙན་ངག་འབྲི་མཁན་དཀོན་པའི་ཚུལ་དུ་བཤད་ཀྱང་མི་སྐྱོན་པ་ཡིན་ནོ། ཞེས་རོང་བོ་གངས་དཀར་ལགས་ཀྱི་སྙན་ངག་ལ་ལེགས་སོ་དང་གདེང་འཇོག་ཕུལ་ཡོད་པ་རེད།
རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་༢༠༢༠ལོའི་ཟླ་༡༢བའི་ནང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་རྗེས་གནས་སྟངས་ཁ་གསལ་མེད་པར་གར་སོང་ཆ་མེད་དུ་གྱུར་ནས་ལྷག་ཡོད།
དེ་སྔ་རོང་བོ་གངས་དཀར་དང་རོང་བོ་དགེ་འདུན་ལྷན་གྲུབ་སོགས་བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་མཉམ་དུ་མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་ལ་གནས་ཚུལ་འཚོལ་བསྡུ་ཉམས་ཞིབ་བྱས་ནས་དཔེ་དེབ་ཞིག་བརྩམས་ཡོད་འདུག

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org