རྒྱ་རིགས་མང་གཙོ་དོན་གཉེར་བ་ཁྲེང་ཀོང་ཁྲེང་གློད་བཀྲོལ།

རྒྱ་རིགས་མང་གཙོ་དོན་གཉེར་བ་ཁྲེང་ཀོང་ཁྲེང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཞེས་པའི་ཚོགས་པས་གནས་ཚུལ་སྤེལ་བར་ལྟར་ན་ དེ་སྔ་ཕྱི་ལོ་༢༠༠༦ལོར་རྒྱ་ནག་གཞུང་ནས་འཛིན་བཟུང་བཙོན་བཅུག་བྱས་པའི་འཆར་ལྡན་བུ་བཙའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་མང་གཙོ་དོན་གཉེར་བ་ཁྲིམས་རྩོད་པ་ལོང་བ་ཁྲེང་ཀོང་ཁྲེང་དེ་རིང་གཟའ་ཕུར་བུའི་ཉིན་གློད་བཀྲོལ་བཏང་ཡོད་འདུག

གློད་བཀྲོལ་ཐོབ་པའི་རྗེས་སུ་ཁོང་གིས། ང་འགྱུར་བ་གང་ཡང་ཐེབས་མེད། ཡིན་ནའང་ངར་རྒྱབ་སྐྱོར་བྱེད་མཁན་དང་སེམས་འཚབ་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། ཁོང་སེམས་ཤུགས་ཆགས་མེད་ཀྱང་ཕྱིའི་ལུས་པོའི་ཐོག་ནས་སྐྱོ་པོ་ཆགས་ཡོད་པས་མ་ཟད་ཕོ་བའི་ནད་ཕོག་ཡོད་ལུགས་ཚོགས་པ་དེས་འགྲེལ་བརྗོད་བྱས་ཡོད་འདུག

ཡང་ཁོང་གི་བཟའ་ཟླའང་དུས་ཡུན་དེའི་རིང་ཉེན་རྟོག་པས་བསུན་བཙིར་བཟོས་པ་སོགས་ཀྱི་དཀའ་ངལ་མྱོང་དགོས་བྱུང་ཡོད་པ་རེད། ཡིན་ནའང་ལོ་ངོ་བཞིའི་རྗེས་སུ་བཟའ་ཟླ་གློད་བཀྲོལ་ཐོབ་ནས་ནང་ཁྱིམ་དུ་ལོག་ཡོང་གི་ཡོད་པར་ཧ་ཅང་དགའ་པོ་བྱུང་ཞེས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

གོང་དུ་ཞུས་པའི་ཁྲིམས་རྩོད་ལོང་བ་ཆན་ནི་དམིགས་བསལ་སློབ་གཉེར་བྱས་པའི་ཁྲིམས་རྩོད་པ་ཞིག་མ་ཡིན་ནའང་ཁོང་རང་ཉིད་ཀྱི་སྦྱང་བརྩོན་དང་། མང་ཚོགས་ཀྱི་བདེ་སྡུག་དང་བླངས་ཀྱི་ཐོག་ནས་དོ་འཁུར་དང་། ཞུ་གཏུགས་བྱས་པ་སོགས་ནས་ཉམས་མྱོང་བསག་པ་ཞིག་ཡིན་པ་དང་། དམིགས་བསལ་རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་བྱུས་དེའི་འོག་ནས་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་པའི་གནད་དོན་ཐོག་འཐབ་རྩོད་བྱས་པ་བཅས་ལ་བརྟེན་ཉེན་རྟོག་པས་འཛིན་བཟུང་མ་བྱས་པའི་གོང་ཉེས་རྡུང་ཚད་མེད་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་མྱོང་ཡོད་པ་རེད།