སྐུ་ཕུང་ཞུགས་འབུལ་དང་བོད་མི་རིག་ཆུང་འཇུ་བཟུང་།
2014.04.20
༄༅༎ཕྱི་ལོ་༢༠༡༤ཟླ་༤ཚེས་༡༥ཉིན་དཀར་མཛེས་ཁུལ་རྟའུ་རྫོང་དུ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་རྗེས་འཕྲིན་ལས་རྣམ་རྒྱལ་ལགས་ཀྱི་སྐུ་ཕུང་བདག་པོ་བརྒྱབ་དང་སྐུ་ཕུང་ལ་པར་བརྒྱབ་པའི་ནག་ཉེས་འོག་ས་གནས་ཀྱི་ཚོང་ཁང་བདག་པོ་རིག་ཆུང་ལགས་ཟླ་༤ཚེས་༡༩ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
ཡིག་ཐོག་གསར་འགྱུར།
ཉེ་བའི་ཕྱི་ཚེས་༡༥ཉིན་དཀར་མཛེས་ཁུལ་རྟའུ་རྫོང་ཁང་གསར་ཡུལ་ཚོའི་ཉེ་འགྲམ་དུ་བོད་མི་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་སྟེ་སྐུ་གྲོངས་ཡོད་པ་ལྟར། ཉིན་དེའི་ཕྱི་དྲོར་རྒྱ་གཞུང་གིས་ཁོང་གི་སྐུ་ཕུང་བདག་པོ་བརྒྱབ་པ་དང་། སྐུ་ཕུང་ལ་པར་བརྒྱབ་པ་སོགས་ཀྱི་ཉེས་མིང་འོག ཁང་སར་ཡུལ་ཚོར་ཚོང་ཁང་ཡོད་པའི་བོད་མི་རིག་ཆུང་ལགས་གློ་བུར་རྒྱ་ནག་གིས་འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་ཀློད་གྲོལ་བཏང་ཡོད་མེད་དང་། གནད་དོན་དེར་ཁ་གཡར་ནས་བོད་མི་གཞན་འཛིན་བཟུང་བྱས་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག གནས་ཚུལ་ལྟར་ན། བོད་མི་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་བྱུང་རྗེས། རྒྱ་ནག་གི་དཔོན་རིཊ་ཁག་ཅིག་འཕྲིན་ལས་རྣམ་རྒྱལ་ལགས་ཀྱི་ཁྱིམ་དུ་ཡོང་ནས་ཁོང་གིས་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་རྐྱེན་སོགས་འདྲི་བརྩད་བྱས་ཡོད་པ་དང་། སྐབས་དེར་ཁོང་གི་ཁྱིམ་མི་ཚོས། ང་ཚོར་རང་དབང་སྤྲོད་ཀྱི་མེད་སྟབས་རང་ལུས་མེར་བསྲེགས་གནང་བ་རེད་ཅེས་ལན་བརྒྱབ་ཡོད་ལུགས་དང་། ཕྱི་ཚེས་༢༠ཉིན་རྟའུ་ཉི་མཚོ་དགོན་པར་ཁོང་གི་སྐུ་ཕུང་བཞུགས་འབུལ་གནང་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྐུ་ཕུང་གང་མགྱོགས་མེད་པ་བཟོ་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན་ཚེས་ ༡༧ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཁང་སར་ཡུལ་ཚོར་སྐུ་ཕུང་བཞུགས་འབུལ་གནང་ཡོད་འདུག