བོད་ཀྱི་གནད་དོན་ལ་ཐུགས་འཚབ།

ཨ་རིའི་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆདྲ་གིཡར་ཡིས་ལྷོ་ཀུ་རི་ཡའི་ནང་ཁོང་གི་དཔར་འགྲེམས་སྟོན་ཞིག་གནང་བ།

༄༅༎ཨ་རིའི་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆདྲ་གིཡར་ཡིས་གཟའ་ལྷག་པའི་ཉིན་ལྷོ་ཀུ་རི་ཡའི་ནང་ཁོང་གི་དཔར་འགྲེམས་སྟོན་གྱི་སྐབས་ བོད་ཀྱི་གནད་དོན་ཐོག་ཐུགས་འཚབ་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་དང་ སྐུ་ཞབས་རི་ཆདྲ་གིཡར་གྱིས་དཔར་གྱི་འགྲེམས་སྟོན་གནང་བའི་སྐབས་འགྲེམས་སྤེལ་བྱས་པའི་དཔར་ཁག་ཅིག་ཆབ་སྲིད་ཀྱི་བཙན་གནོན་འོག་གནས་པའི་བོད་མི་ཚོའི་དཔར་ཡིན་ཞིང་ ངའི་བསམ་པར་མི་སུ་འདྲ་ཞིག་གིས་དཔར་དེ་དག་མཐོང་དུས་བོད་མི་ཚོས་མྱོང་བཞིན་པའི་སྡུག་བསྔལ་ལ་ཧང་མི་སང་མཁན་ཡོད་ཀྱི་མ་རེད་ཅེས་གསུང་འདུག དཔར་རིས་དེ་ཚོའི་ནང་རྒྱ་ནག་ཉེན་རྟོག་པས་བོད་མི་བཙུན་མ་ཞིག་ལ་ཉེས་རྡུང་མནར་གཅོད་གཏོང་བཞིན་ཡོད་པ་དང་ དཔར་རིས་དེ་བཞིན་ཁོང་གིས་བཞུགས་སྒར་རྡ་རམ་ས་ལའི་བཙུན་དགོན་ཞིག་གི་གྱང་ལྡེབས་སུ་བྲིས་འདུག་པ་དེ་དཔར་ལེན་གནང་ནས་ད་རེས་ཀྱི་དཔར་གྱི་འགྲེམས་སྟོན་དེའི་ནང་བཏོན་གནང་བའི་སྐོར་གསུང་འདུག་ལ་ སྐུ་ཞབས་རི་ཆདྲ་གིཡར་གྱིས་ད་དུང་ཡང་བོད་ནང་བོད་མི་ཚོ་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་མྱོང་བཞིན་པ་མ་ཟད་ ཐ་ན་ཚེ་སྲོག་ཡང་ཤོར་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག སྐུ་ཞབས་རི་ཆདྲ་གྱིས་ད་རེས་ལྷོ་ཀུ་རི་ཡའི་ནང་་བོད་དང་འབྲེལ་བའི་དཔར་གྱི་འགྲེམས་སྟོན་ཞིག་གནང་བ་དང་འབྲེལ་ ད་དུང་ལྷོ་ཀུ་རི་ཡའི་ནང་པའི་ལྷ་ཁང་ཁག་ཅིག་ལ་གནས་གཟིགས་དང་འབྲེལ་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་མཛད་སྒོ་ཁག་ཅིག་ནང་མཉམ་བཞུགས་གནང་ཡོད་པ་རེད་