༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་སུ་བཅར་འདྲི།

༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམིགས་བསལ་བཅར་འདྲི་ཞུས་པ།

༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་སུ་བཅར་འདྲིའི་སྐབས། བློ་བཟང་དགེ་ལེགས། /RFA

* བཅར་འདྲིའི་གནས་ཚུལ་དབྱིན་ཐོག་འདིར་གནན་ན་ཀློག་ཐུབ།

ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་ལམ་ཡོང་སྟངས་སྐོར།
སྤྱི་ལོ་༡༩༥༤་ལོར་ཨ་མི་རི་ཀའི་གཞུང་གི་སྐུ་ཚབ་སྟག་འཚེར་རིན་པོ་ཆེ་དང་མཉམ་དུ་རྒྱ་གར་ལ་ང་ཐུག་པར་ཕེབས་པ་རེད། ང་ཐུག་པར་ཕེབས་ནས་ག་རེ་གསུངས་ཀྱི་ཡོད་རེད་ཟེར་ན། ཨ་མི་རི་ཀས་བོད་གཞུང་། བོད་རང་བཙན་དང་། ༧རྒྱལ་བ་རིན་པོ་ཆེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། རོགས་རམ་བྱེད་ཀྱི་ཡིན། ཨ་མི་རི་ཀའི་གཞུང་གི་བོད་མི་དང་བོད་རང་བཙན་ཐོག་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་གདན་ཞུ་གནང་དགོས་ཀྱི་འདུག་ཅེས་བརྗོད་བྱུང་། དེའི་སྐབས་ལ་ཨ་མི་རི་ཀའི་གཞུང་གི་ཨ་རིའི་གསང་བའི་ལས་ཁང་གི་སྐུ་ཚབ་ཚོ་ལ་རོགས་གནང་གི་ཡིན་གསུངས་པ་དེ་ལ་ཐུགས་རྗེ་ཆེ་གནང་། ཁོང་ཚོས་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དང་འབྲེལ་བ་བྱེད་ཀྱི་ཡིན། ཁོང་ཚོ་ལ་ངོ་སྤྲོད་བྱེད་རོགས་ཟེར། དེ་དུས་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་ཀྱི་(འགོ་ཁྲིད་)ཨ་འབྲུག་མགོན་པོ་བཀྲ་ཤིས་ཁོང་སྐབས་དེ་དུས་བོད་ལ་ཡོད་པ་རེད། ངས་མགོན་པོ་བཀྲ་ཤིས་ལ་ལན་བཏང་བ་དང་། མགོན་པོ་བཀྲིས་ཀྱིས་རྒྱ་གར་ལ་མི་བཏང་ནས་ཨ་མི་རི་ཀའི་གཞུང་དང་ངོ་སྤྲོད་ཞུས་པ་རེད། ཨ་མི་རི་ཀས་རོགས་རམ་བྱེད་ཀྱི་ཡིན། དངུལ་གྱི་རོགས་རམ། དེ་ནས་གོ་ལག་གི་རོགས་རམ། དེ་དུས་ཨ་མི་རི་ཀས་ཁས་གཙང་མ་བླངས་ནས་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་གདན་འདྲེན་ཞུ་གྱི་ཡིན། ཁས་ལེན་གཙང་མ་བྱས་ཡོད་རེད།

རྒྱ་གར་གཞུང་གི་སྐོར།
རྒྱ་གར་གཞུང་ནས་ཀྱང་དེ་བཞིན་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱས་པ་དེ་དོན་དམ་པའི་ནོར་འཁྲུལ་རེད། དེ་འདྲ་ཡིན་དུས་འདི་ཚོ་གནས་ཚུལ་ཚང་མ་ང་མི་ལོ་ ༩༨ བསླེབས་པས་མི་ཅིག་གི་བཤད་དགོས་བྱུང་ན་དཀའ་ལས་ཁག་པོ་ཡོད་རེད། ད་རྣམ་པ་ཚོ་ཡིན་གཅིག་མིན་གཅིག་བོད་ལུང་པ་གང་འདྲ་ཡིན་མེད་དང་། བོད་ཀྱི་གནས་སྟངས་དངོས་ཡོད་རྒྱ་གར་ལ་ཕན་ཐོགས་ཡ། བོད་ལ་ཕན་ཐོགས་ཡ། རྒྱ་ནག་ལ་ཕན་ཐོགས་ཡ། རྒྱ་མིས་གང་བྱུང་བྱེད་ཀྱི་ཡོད་རེད། རྒྱ་མིའི་གནས་ཚུལ་ཡིན་གཅིག་མིན་གཅིག་ཚང་མས་མཉམ་རུབ་དང་ཧ་རུབ་སྦ་རུབ་ཀྱི་ཐོག་ནས་དངོས་ཡོད་གནས་སྟངས་ཐོག་ལ་བོད་ཀྱི་ཆོས་དང་། བོད་ཀྱི་སྐད་ཡིག བོད་ཀྱི་རིག་གཞུང་ཐོག་ལ་རྣམ་པ་ཚོས་ཤུགས་དགོས་ཀྱི་འདུག
གང་ལྟར་ཁྱེད་རང་ཚོས་གནད་དོན་འདིའི་ཐོག་ལ་ཉམས་ཞིབ་གནང་དགོས་ཀྱི་རེད། རྒྱ་གར་གྱི་ག་རེ་བྱས་པ། ཨ་མི་རི་ཀས་ག་རེ་བྱས་པ། དེ་བཞིན་རྒྱ་མིས་ག་རེས་བྱས་པ། ཨ་མི་རི་ཀས་གནས་ཚུལ་མ་བརྟེན་པས་ལས་ཀ་མང་པོ་བྱེད་ཡོད་རེད། རྒྱ་གར་གྱིས་ཀྱང་གནས་ཚུལ་མ་བརྟེན་པས་ལས་ཀ་མང་པོ་བྱེད་ཡོད་རེད། འདི་ཚོ་ཁྱེད་རང་ཚོས་ཡིན་གཅིག་མིན་གཅིག་ཉམས་ཞིབ་ཚོ་ཁག་ཅིག་གི་ཉམས་ཞིབ་གནང་ནས་དེབ་ཞིག་བཟོ་ཐུབ་ན་ཡག་པོ་ཡོད་རེད་བསམ་གྱི་འདུག། དེ་ཐུགས་ལ་བཞག་རོགས་གནང་།

ཨ་རིའི་རོགས་རམ་དང་རྒྱབ་སྐྱོར་གྱི་ཕན་ཐོགས།
ཨ་རིས་བོད་ལུང་པ་ལ་རོགས་རམ་བྱེད་ཀྱི་ཡིན་ཞེས་ཁས་ལེན་བྱས་པ་ཙམ་མ་གཏོགས་དངོས་གནས་དྲང་གནས་ཀྱི། མིང་ཙམ་གཅིག་གིས། ག་རེས་ཟེར་དགོས་རེད། ད་དཔལ་འབྱོར་དང་དངུལ་ཀྱི་ཐོག་ལ་རོགས་རམ་ཏོག་ཙམ་བྱས་ཡོད་བ་རེད་མ་གཏོགས་གཞན་གོ་ལག་ཐོག་ལ་ཆ་ཚང་པོ་བྱས་ཡོད་མ་རེད།
བོད་པའི་འཐབ་རྩོད་ཐོག་ལ་ཞབས་འདེགས་ཤུགས་ཆེ་ཞུས་གནང་ཡོད་པའི་མྱོང་ཚོར་སྐོར་དང་བོད་པ་ཚོར་འབོད་སྐུལ།
དངོས་གནས་དྲང་གནས་ཀྱི་གནས་ཚུལ་གང་ཡིན་མིན་ཐོག་ལ་རྣམ་པ་ཚོས་སློབ་སྦྱོང་གནང་ཡག་དེ་གལ་ཆེན་པོ་ཞིག་རེད། ངའི་རེ་བར། ང་ཚོའི་གྲས་དེ་མི་དང་མ་སོང་ན། མི་སྤོར་ཏོ་ཕན་མ་ཐོགས་མཁན་ཞིག་ལ་ཁྱེད་ཚོ་ཕེབས་ནས་བཀའ་འདྲི་གནང་གིན་ཡོད་རེད། ཡིན་ན་ཡང་གལ་ཆེ་ཤོས་རྣམ་པ་ཚོ་ཚང་མ་མཉམ་རུབ་ཐོག་ནས་འཆམ་པོ། བོད་རིགས་ཚང་མ་འཆམ་པོ་དང་མཐུན་པོ་གནང་ནས་བོད་ལུང་པའི་ཆོས། བོད་ཀྱི་རིག་གཞུང་། བོད་ཀྱི་སྐད་ཡིག བོད་ཀྱི་གནས་ཚུལ་གསལ་པོ་ཡག་པོ་དེ་བོད་མི་མང་ལ་ངོ་སྤྲོད་བྱེད་ཡག་དང་། འཛམ་གླིང་མི་མང་ལ་ངོ་སྤྲོད་བྱེད་ཡག་དེ་ཞེ་དྲགས་གལ་ཆེན་པོ་རེད། གང་ཡིན་ཟེར་ན། རྣམ་པ་ཚོ་མཉམ་རུབ་ཐོག་ནས་ཚང་མ་དངོས་གནས་དྲང་གནས་ཀྱི་བོད་ལུང་པ་ཟེར་བ་དེ་སྔོན་མ་གང་འདྲ་རེད། ལོ་རྒྱུས་ཐོག་ནས་གང་འདྲ་ཡིན་མིན་དང་། ཆོས་ཀྱི་ཐོག་ནས་གང་འདྲ་ཡིན་མིན། དེང་སྐབས་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད། དཔེར་ན་དགོན་པ་ཁག གཞུང་གི་གནས་ཚུལ། བོད་ཀྱི་ལོ་རྒྱུས། བོད་ཀྱི་ཆོས་ལུགས་འཛམ་གླིང་ནང་ཡག་པོ་བྱེད་ནས་མཁྱེན་ཐུབ་ཡག་དེ་གལ་ཆེན་པོ་རེད། ང་རེ་བར་བོད་རིགས་ཚང་མ་མཉམ་རུབ་བྱས་ནས་འཆམ་པོ་བྱས། མཐུན་པོ་བྱས་ནས་༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་ལ། མ་འོངས་པ་བོད་ཀྱི་ཆོས། རིག་གཞུང་། ལམ་ལུགས། སྐད་ཡིག་རྣམས་མ་བརླགས་པ་རྣམ་པ་ཚོས་དགོངས་པ་ལ་བཞག་ནས་ཐབས་ཤེས་གནང་དགོས་རེད། དེང་རྒྱ་མིའི་གནས་ཚུལ་ཁག་ཅིག་བྱེད་སྟངས་དེ་དངོས་གནས་དྲང་གནས་བྱས་ན། བདེན་པ་ཞེ་དྲགས་ཡོད་མ་རེད། བདེན་པ་མེད་པ་དེ་བདེན་ཡིན་པར་བཟོ་གྱིན་ཡོད་རེད། རྣམ་པ་ཚོས་ཧུར་ཐག་བྱས་ནས་ཐབས་ཤེས་གནང་དགོས་ཀྱི་འདུག ངའི་ཚོད་དེ་ཞེ་དྲག་གིས་ཞུ་ཐུབ་ཡག་ཡོད་མ་རེད། ཅེས་གསུངས།


རྒྱ་ནག་ཏུ་སློབ་སྦྱོང་ལ་ཕྱིན་པའི་དམིགས་ཡུལ།
རྒྱལ་ཚབ་ར་སྒྲེང་རིན་པོ་ཆེ་དང་ངའི་ཕ་གཉིས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་སྤུན་གཅིག་རྒྱ་ནག་ལ་སློབ་སྦྱོང་ཆེད་དུ་ཕྱིན་ན་ཡག་པོ་འདུག རྒྱ་ནག་ལ་སློབ་སྦྱོང་ལ་ཕྱིན་ནས་རྒྱ་ནག་གི་གནས་ཚུལ་དེ་རྒྱ་མི་ལ་འབྲེལ་བཤད་ཡག་པོ་རྒྱག་དགོས་ཀྱི་འདུག རྒྱ་མིས་བོད་ནང་གང་བྱུང་མང་བྱུང་བྱེད་ཀྱི་འདུག བོད་ཀྱི་སྐོར་འགྲེལ་བཤད་རྒྱག་ཡག་ཆེད་དུ་ང་རྒྱ་ནག་ལ་ཕྱིན་པ་རེད། རྒྱ་ནག་ལ་ཕྱིན་ནས་རྒྱ་ནག་གཞུང་ལ་ལོ་མང་པོ་བཀའ་མོལ་ཞུས་རེད། ག་རེས་ཞུས་རེད་ཟེར་ན། བདེན་པ་གནང་རོགས་གནང་། དྲང་པོ་གནང་རོགས་གནང་། གང་བྱུང་མ་གསུངས་རོགས་གནང་། ག་རེ་རེད་ཞུས་ན། བོད་ལུང་པའི་མི་མང་ཡོངས་རྫོགས་རྒྱ་ནག་ལ་གནོད་པའི་ཕྱག་ལས་རྩ་བ་ནས་གནང་ཡོད་མ་རེད། དེ་འདྲ་ཡིན་ཙང་རྒྱ་ནག་གི་བོད་ལ་གནང་ཡག་དེ་ཏན་ཏན་ཡག་པོ་ཅིག་གནང་དགོས་ཀྱི་འདུག ད་ངས་ལོ་མང་པོ་རྒྱ་མི་ལ་ཞུ་གྱིན་འདས་པ་རེད།
ང་རྒྱ་ནག་ལ་ལོ་མང་པོ་འགྲོ་དགོས་ཡག་དེ་གཅིག་ཐོག་ནས་རྒྱ་མིའི་གནས་ཚུལ་སློབ་སྦྱོང་བྱེད་ཡག་དང་། གཅིག་ཐོག་ལ་རྒྱ་ཡིག་སློབ་སྦྱོང་བྱེད་ཡག། རྒྱ་མིའི་ལོ་རྒྱུས། རྒྱ་མིའི་གནས་ཚུལ་ཧ་གོ་ཡག་དང་ཞོར་ལ་རྒྱ་མི་ལ་བོད་ལུང་པ་ལ་ཡག་པོ་ཞིག་གནང་དགོས་ཀྱི་འདུག གང་བྱུང་གནང་རྒྱུ་མིན་འདུག། དབང་ཡོད་བྱེད་རྒྱུ་མིན་འདུག འོ་འདི་འདྲ་ལབ་གྱིན་བསྡད་པ་རེད།


དྲི་བ། བོད་ནང་རྒྱ་ནག་གི་བཙན་འཛུལ་བྱེད་པའི་རྗེས་སུ་རྒྱ་གར་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ཡོད་དུས། དོན་དག་ཆེ་ཤོས་དེ་ག་རེ་སྒྲུབ་ཐུབ་ཡོད་སྐོར།
རྒྱ་གར་གཞུང་ལ་ག་རེ་ཞུ་གི་ཡོད་རེད་ཞུས་ན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཀ་ཤེ་མིར་ནས་རྒྱ་གར་གྱི་ས་མཚམས་བརྒྱུད་རྒྱ་ནག་བར་དུ། འདི་ཚོ་ཚང་མ་དངོས་གནས་བྱས་ན་སྔ་མོ་ས་ཆ་འདི་ཚོ་རྒྱ་གར་གྱི་ས་ཆ་མ་རེད། བོད་པའི་ས་ཆ་རེད། བོད་པའི་ས་ཆ་ཡིན་ཙང་བོད་ཀྱི་གནད་དོན་ཐོག་ཏན་ཏན་ཡག་པོ་ཞིག་གནང་དགོས་ཀྱི་འདུག བོད་ལ་རོགས་གནང་དགོས་ཀྱི་འདུག ཀ་ཤེ་མིར་ནས་རྒྱ་ནག་གི་ཡུན་ནན་བར་དུ་ཚང་མ་བོད་ཀྱི་ས་ཆ་རེད། བོད་ཀྱི་ས་ཁོངས་རེད། རྒྱ་མིས་ཡག་པོ་ཞིག་གནང་དགོས་ཀྱི་འདུག རྒྱ་མི་ལ་འདི་འདྲ་མང་པོ་ཞུ་གྱིན་སྡད་པ་རེད། ང་རྒྱ་གར་ལ་ཡོང་ནས་རྒྱ་གར་གྱིས་ཀྱང་། ག་རེ་ཟེར་དགོས་རེད། པཎྡིཏ་ནེ་རུས་རྩ་བའི་བོད་ཀྱི་གནས་སྟངས་ཐོག་ཤ་ཚ་གནང་གི་ཡོད་རེད་སྟེ། རྒྱ་མི་ལ་ཞེད་སྣང་ཞེ་དྲག་གནང་གིན་འདུག། རྒྱ་མི་ལ་སྤྲེལ་ལད་འཁྲབ་ནས། དཔེར་ན། ཨ་མི་རི་ཀ་དང་བོད་རྒྱ་མིའི་ས་ཆ་རེད་གསུངས་ཡག་གཅིག་དང་། རྒྱ་གར་གཞུང་ནས་ཀྱང་དེ་བཞིན་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་པ་དེ་དོན་དམ་པའི་ནོར་འཁྲུལ་རེད། དེ་འདྲ་ཡིན་དུས་འདི་ཚོ་གནས་ཚུལ་ཚང་མ་མི་ལོ་ ༩༨ སླེབ་པས་མི་གཅིག་གི་བཤད་དགོས་བྱུང་ན་དཀའ་ལས་ཁག་པོ་ཡོད་རེད། ད་རྣམ་པ་ཚོ་ཡིན་གཅིག་མིན་གཅིག་བོད་ལུང་པ་གང་འདྲ་ཡིན་མིན་དང་། བོད་ཀྱི་གནས་སྟངས་དངོས་ཡོད་རྒྱ་གར་ལ་ཕན་ཐོག་ཡག། བོད་ལ་ཕན་ཐོག་ཡག། རྒྱ་ནག་ལ་ཕན་ཐོག་ཡག། རྒྱ་མིས་གང་བྱུང་བྱེད་ཀྱི་ཡོད་རེད། རྒྱ་མིའི་གནས་ཚུལ་ཡིན་གཅིག་མིན་གཅིག་ཚང་མས་མཉམ་རུབ་དང་ཧ་རུབ་སྦ་རུབ་ཀྱི་ཐོག་ནས་དངོས་ཡོད་གནས་སྟངས་ཐོག་ལ་བོད་ཀྱི་ཆོས། བོད་ཀྱི་སྐད་ཡིག། བོད་ཀྱི་རིག་གཞུང་ཐོག་ལ་རྣམ་པ་ཚོས་གནང་དགོས་ཀྱི་འདུག ང་ཚོའི་གྲས་ཀྱིས་འདི་གར་གང་ཡང་བྱེད་ཐུབ་ཀྱི་མིན་འདུག སྤོར་ཏོ་ཆགས་ནས་སྐད་ཆ་ཡང་ཡག་པོ་བཤད་ཐུབ་ཀྱི་མིན་འདུག ཉན་འཇོག་ཡང་ཡག་པོ་གོ་གིན་མིན་འདུག མིག་གིས་ཡང་ཡག་པོ་མཐོང་གི་མིན་འདུག ཡི་གེ་ཡང་ཀློག་ཐུབ་ཀྱི་མིན་འདུག མི་དང་མ་སོང་ན་ཕན་མ་ཐོགས་པ་ཆགས་བསྡད་ཡོད་རེད། ངའི་རེ་བར་རྣམ་པ་ཚོ་རྡོག་རྩ་གཅིག་སྒྲིལ་དང་འཆམ་མཐུན་ངང་ཕྱག་ལས་གནང་ནས་བོད་ཀྱི་རིག་གཞུང་། བོད་ཀྱི་གནས་ལུགས་གསལ་པོ་ཡག་པོ་ཆགས་ཐུབ་ཡག་ལ་རྣམ་པ་ཚོས་ཐབས་ཤེས་གནང་རོགས་གནང་ཞུ་གི་ཡོད།

དྲི་བ། ཨ་མི་རི་ཀས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཡག་དེ་དངོས་གནས་ཁོ་རང་བོད་ཀྱི་རང་བཙན་ཐོབ་ཡག་རང་གིས་ཆེད་དུ་ཡིན་ན། ཡང་ན་རྒྱ་ནག་དམར་ཤོག་བོད་ནས་འབུད་ཡག་ཆེད་དུ་ཨ་རིའི་གསང་བའི་ལས་ཁང་ནས་རོགས་སྐྱོར་བྱེད་པ་ཡིན་ནམ། དེའི་རྒྱབ་ལྗོངས་ཀྱི་ཀུན་སློང་གཙོ་བོ་ག་རེ་ཡིན་ན།
སྤྱི་ལོ་༡༩༥༤ ལོར་ཨ་མི་རི་ཀས་གཞུང་འབྲེལ་ཐོག་ནས་ང་ཚོར་རོགས་སྐྱོར་གནང་རྒྱུའི་དང་ལེན་བྱས་ཡོད་པ་དེ་ཡང་བོད་རང་བཙན་ཆེད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ཨ་མི་རི་ཀས་བྱེད་སྟངས་མི་འདྲ་བ་མང་པོ་བྱུང་ཡོད་རེད། རྒྱ་གར་གིས་ཀྱང་བྱེད་སྟངས་མི་འདྲ་བ་མང་པོ་བྱས་ཡོད་རེད། ད་ང་ཚོ་ཁག་པོ་ཞེ་དྲག་བྱེད་བསྡད་ཡོད་རེད། བར་དུ་རྒྱ་མིས་མ་བིན་བྱས་ནས་ད་གནས་ཚུལ་མང་པོ་ཡོད་རེད། ང་མི་སྤོར་ཏོ་འདིས་ཞུ་ཡག་ཁག་པོ་དང་གལ་ཆེ་ཤོས་ཁྱེད་རང་ཚོས་ཚོགས་པ་ཅིག་བཙུགས་ནས་ཉམས་ཞིབ་གནང་ནས་དེབ་གཅིག་བཟོ་གནང་ན་ཡག་པོ་རེད། གནས་སྟངས་གང་འདྲ་བྱུང་ཡོད་མེད། བོད་ཀྱི་བདེན་པའི་ལོ་རྒྱུས།


དྲི་བ། ཨ་མི་རི་ཀའི་རོགས་སྐྱོར་ཆད་པའི་སྐབས་དེར་ག་རེ་བྱུང་ཡོད་མེད། གནས་ཚུལ་ག་རེ་ལྷག་པ་རེད།
ཨ་མི་རི་ཀས་རོགས་རམ་བྱེད་ཀྱི་ཡིན་ཟེར་ནས། གོ་ལག་སྤྲོད་ཡག་དེ་ཚོ་རྙིང་པ་དང་གོ་ལག་༢༠༠/ ༣༠༠
མ་གཏོགས་གནང་ཡོད་མ་རེད། དངོས་གནས་དྲང་གནས་བྱས་ན་མི་ཁྲི་མང་པོ་ཡོད་རེད། མགོན་པོ་བཀྲ་ཤིས་ཀྱི་ཆུ་བཞི་སྒང་དྲུག་ཡོད་རེད་པ། ཨ་མདོ་ལུང་པ་ལ་ཡོད་རེད། ཁམས་ལུང་པ་ལ་ཡོད་རེད། དབུས་གཙང་ལ་ཡོད་རེད། ས་ཆ་རེ་རེའི་ནང་དམག་མི་མི་ཁྲི་གསུམ་བཞི་ཡོད་ས་ལ་གོ་ལག་གཡུགས་དུས་གོ་ལག་༣༠༠ / ༤༠༠་མ་གཏོགས་སྤྲད་ཡོད་མ་རེད།


དྲི་བ། ཕྱི་ལོ་ ༡༩༧༤ ལོར་ཨ་མི་རི་ཀས་ནིཀ་སོན་གཞུང་གི་རོགས་སྐྱོར་གནང་ཡག་མཚམས་བཞག་སྐབས་དེའི་རྗེས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་ན།
བོད་ལུང་པ་ལ་རོགས་རམ་བྱེད་ཀྱི་ཡིན་ཞེས་ཁས་ལེན་བྱས་པ་ཙམ་མ་གཏོགས་དངོས་གནས་དྲང་གནས་ཀྱི། མིང་ཙམ་ཅིག་གིས། ག་རེ་ཟེར་དགོས་རེད། ད་དཔལ་འབྱོར་དང་དངུལ་གྱི་ཐོག་ལ་རོགས་རམ་ཏོག་ཙམ་བྱས་ཡོད་རེད་མ་གཏོགས་གཞན་གོ་ལག་ཐོག་ལ་ཆ་ཚང་པོ་བྱས་ཡོད་མ་རེད།


དྲི་བ། མཐའ་མ་བཀའ་འདྲི་ཞུ་ཡག་ལ། ༡༩༦༠ ནས་ ༡༩༧༠ དཀྱིལ་མ་ལ་བོད་པའི་འཐབ་རྩོད་རྒྱ་མི་ལ་ཕར་རྒོལ་བྱས་པའི་སྐབས་ལ། སྐུ་ངོས་བསམ་བློའི་ནང་ལ་བོད་རང་བཙན་ཐོབ་ཀྱི་རེད་བསམ་པའི་བསམ་བློ་འདི་འདྲ་ཡོད་ན་སྐབས་དེ་དུས། ཚོར་བ་དེ་འདྲ་སླེབས་སོང་ངམ།
ཨ་མི་རི་ཀ་དང་རྒྱ་གར་གཞུང་དཔེར་ན། དངོས་གནས་དྲང་གནས་ཀྱི་རོགས་པ་དག་དག་གནང་པ་ཡིན་ན། བོད་ཀྱི་གནས་སྟངས་དེ་རིང་དེང་སང་ནང་བཞིན་མ་རེད། མི་འདྲ་བ་ཞིག་ཆགས་བསྡད་ཡོད་རེད། དཔེར་ན། ང་རྟག་པར། རི་པིན་ཉི་ཧོང་ལ་འགྲོ་གྱི་ཡོད་རེད། ཉི་ཧོང་གི་སྲིད་བློན་གྱིས་ང་ལ་འདི་གསུངས་ཡོད་རེད། རྒྱལ་ལོ་དོན་གྲུབ་ཁྱེད་རང་ཨ་མི་རི་ཀར་འགྲོ་གྱི་ཡོད་རེད། ཨ་མི་རི་ཀར་ཕྱིན་ནས་གལ་ཏེ་ཨ་མི་རི་ཀས་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་བཀའ་འདྲི་ཞུས་དང་གལ་ཏེ་ཨ་མི་རི་ཀས་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་དེ་རིང་བྱས་པ་ཡིན་ན། ཉི་ཧོང་གིས་དེའི་སང་ཉིན་ནས་བརྩི་སྲུང་གནང་རྒྱུ་ཡིན་པ་གསུངས་ཀྱི་འདུག བྱས་ཙང་། ཨ་མི་རི་ཀས་བྱེད་སྟངས་མ་འགྲིག་པའི་གནས་ཚུལ་མང་པོ་ཡོད་རེད། ད་ང་མི་སྤོར་ཏོ་ཁ་ནས་གསལ་པོ་ཡག་པོ་ཞིག་ཤེས་ཐུབ་ཀྱི་མ་རེད། ཁྱེད་རང་ཚོ་རུག་རུག་བཟོས་ནས་བྲིས་གནང་ན་ཡག་པོ་ཡོད་རེད། དེབ་ཞིག་བརྩམས་ཐུབ་ན་གསལ་པོ་འཛམ་པོ་གླིང་གང་བོས་ཧ་གོ་གྱི་རེད་བ།


དྲི་བ། སྐུ་ངོས་སྔོན་མ་བོད་མི་མང་པོ་ཞིག་གིས་བོད་དོན་ཆེད་དུ་ཚེ་སྲོག་བཏང་ཡོད་རེད། བོད་མི་མང་པོ་ཞིག་གིས་བོད་རྩ་དོན་ཆེད་དུ་སྡུག་པོ་མྱངས་ཡོད་རེད། སྐུ་ངོས་བོད་མིའི་འཇབ་དམག་དང་འཐབ་རྒོལ་བ་ཚོ་དང་མཉམ་དུ་ཕྱག་ལས་གནང་པས་སྐབས་ལ་ཁོང་རྣམ་པའི་བསམ་བློའི་ཁྱེར་སྟངས་དེ་གང་འདྲ་ཡོད་ན།
ད་རིང་ཁྱེད་རང་ཚོ་ཕེབས་པས་ཞོར་ལ་བཀའ་མོལ་རོབ་ཙམ་བྱུང་པ་རེད། ཁྱེད་རང་ཚོ་རུབ་རུབ་བྱས་ནས་ཡིན་གཅིག་མིན་གཅིག་བོད་རིགས་ཚང་མ་འཆམ་པོ་བྱས་ནས། མཐུན་པོ་བྱས་ནས་རྣམ་པ་ཚོས་རྒྱ་གར་ལ་འབྲེལ་བ་ཡག་པོ་གནང་། ཨ་མི་རི་ཀ་ལ་འབྲེལ་བ་ཡག་པོ་གནང་། རི་པིན་(ཉི་ཧོང)ལ་འབྲེལ་བ་ཡག་པོ་གནང་། དབྱིན་ཇི་དང་ཇར་མ་ནི་ཚང་མ་དང་འབྲེལ་བ་གནང་ནས་གསལ་པོ་ཡག་པོ་བཟོ་ཐུབ་ན་ཡག་པོ་ཡོད་རེད།


དྲི་བ། སྤྱིར་བཏང་ནས་བོད་མི་འཇབ་དམག་པ་ཚོའི་བསམ་བློ་ཁྱེར་སྟངས། སྐབས་དེ་དུས་སྙིང་སྟོབས་གང་འདྲ་ཡོད་མེད་སྐུ་ངོ་ང་ཚོ་ལ་དྲན་པ་ཞིག་གསུངས་རོགས་གནང་།
ད་ལྟ་ང་ད་རྒན་གོག་རེད་པ། དངོས་གནས་ང་ཚོ་བོད་རིགས་ནང་ལ་མང་པོ་ཡོད་རེད། ཆུ་བཞི་སྒང་དྲུག་དམག་སྒར་དམག་མི་ཨ་མི་རི་ཀ་དང་འབྲེལ་བ་བྱས་པ་དང་ཨ་མི་རི་ཀར་ཕྱིན་ནས་སློབ་སྦྱོང་བྱས་པ་འདི་ཚོ་མང་པོ་ཡོད་རེད། དེ་བཞིན་ད་ལྟ་བོད་ནང་ལོག་ལ་ཞི་བའི་ལས་ཀ་བྱེད་མཁན་བོད་གཞུང་གི་ཕྱག་ལས་གནང་མཁན་མང་པོ་ཡོད་རེད། ང་གཅིག་པུ་མ་རེད། ང་ཐོག་མར་༡༩༥༢ ལོར་རྒྱ་གར་ལ་ཡོང་པ་རེད་བ། ད་ཡིན་ན་ཡང་ཞེ་དྲག་སྐད་ཆ་བཤོད་ཐུབ་ཀྱི་མིན་འདུག། ཐང་ཆད་ཀྱི་འདུག


དྲི་བ། མཐའ་མ་བཀའ་འདྲི་ཞུ་ཡག་ལ། བོད་པའི་མི་རབས་གསར་པོ་ཚོའི་ཆེད་དུ་སྐུ་ངོའི་ངོས་ནས་ལམ་སྟོན་བཀའ་སློབ་གང་གནང་ཡག་ཡོད་ན།
ད་ངས་ཁྱེད་རང་ཚོ་ལ་བཀའ་མོལ་ཞུས་པ་དེ་གང་ག་གསལ་པོ་བཟོས་ན། སྐད་འདི་ཚང་མ་ང་རང་མ་ཤི་གོང་ནས་སྐད་ཆ་འདི་འདྲ་བཤད་ཀྱི་འདུག་ཟེར་ནས་ཁྱེད་རང་ཚོས་གསལ་བསྒྲགས་གནང་ན་ཡག་པོ་ཡོད་རེད་བ།

འབྲེལ་ཡོད་གནས་ཚུལ།
ཕབ་བཤུས་མཁན་པ་སངས་ཚེ་རིང་།
བཅར་འདྲི་ཞུ་ཡུལ། རྒྱ་གར་བྱང་ཤར་ཀ་ལོན་སྦུག་སྟག་འཚེར་གཟིམས་ཤག
གསར་འགོད་པ། བློ་བཟང་དགེ་ལེགས། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༣ ཉིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org