ཀླུ་སྒྲུབ་བསྟན་དར་དང་ཚེ་བརྟན་རྒྱལ་གཉིས་བཙོན་གྲོལ་བྱུང་བ།
2015.04.01
མི་ལོ་བདུན་དང་གསུམ་གྱི་དུས་བཀག་ཁྲིམས་ཆད་ཕོག་པའི་བོད་མི་ཀླུ་སྒྲུབ་བསྟན་དར་དང་ཚེ་བརྟན་རྒྱལ་གཉིས་བཙོན་གྲོལ་བྱུང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། སྤྱི་ལོ་༢༠༠༨ལོར་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་སྐད་འབོད་གནང་བའི་ཉེས་མིང་འོག་ལོ་༧གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་ལགས་དེ་རིང་ཕྱི་ཚེས་༡ཉིན་གྱི་སྔ་དྲོར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཉེ་འགྲམ་གྱི་མེན་ཡཱང་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་དང་། དགོན་པ་གཅིག་པའི་དགེ་འདུན་པ་ཁ་ཤས་དང་གཉེན་ཉེ་གྲོགས་པོ་སོགས་ཆེད་དུ་མེན་ཡཱང་ལ་ཕེབས་ནས་བསུ་བ་བྱས་སྐབས་སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་ལགས་ཀྱིས་སྟོད་ལྭའི་སྟེང་ང་བོད་ཡིན། འཚེ་མེད་ཞི་བདེ་སྙིང་ཡིན། གནས་ལུགས་སྨྲ་ཞེས་བོད་ཡིག་ཐོག་བྲིས་ནས་ཐོན་ཡོད་པ་རེད། ས་གནས་བོད་མི་ཞིག་གིས་བརྗོད་དོན། མེན་ཡཱང་ནས་ཁོང་ཕ་ཡུལ་དུ་ཕེབས་པར་ས་གནས་བོད་མི་ཚོས་ཕེབས་བསུ་གཟབ་རྒྱས་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་བརྗོད་བྱུང་།
གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ཀླུ་སྒྲུབ་བསྟན་དར་ལགས་ཀྱིས་སྤྱི་ལོ་༢༠༠༨ལོར་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་སྐད་འབོད་གནང་བའི་ཉེས་འཛུགས་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཡིན་པ་དང་། ཕྱི་ལོ་༢༠༡༤ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་ཀླུ་སྒྲུབ་བསྟན་དར་ལགས་ཀྱི་བཙོན་རོགས་རྔ་པ་སྤྲོ་ཚིགས་དགོན་པའི་དགེ་འདུན་པ་འཇམ་དབྱངས་བརྩོན་འགྲུས་ཀྱིས་གསུངས་དོན། ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༣ པའི་ཚེས་༣༡ཉིན་ཁོང་མེན་ཡཱང་བཙོན་ཁང་ནས་གློད་གྲོལ་གཏོང་སྐབས་བཙོན་ཁང་དེའི་ནང་ཁོང་གིས་ངོ་ཤེས་པའི་བོད་རིགས་ཆབ་སྲིད་བཙོན་པ་ཁྱོན་༣༩ཡོད་པ་དང་། ཁོང་ཚོའི་ནང་ཚེ་བཙོན་དང་། ཉུང་ཐར་ཡང་ལོ་༨ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་ཤ་སྟག་ཡིན་པ་ཤེས་རྟོགས་བྱུང་ཡོད་ཟེར།
དེ་བཞིན་ཡང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་གི་སྒོ་གོང་མ་དཔའ་ཆོག་སྡེ་པའི་ཚེ་བརྟན་རྒྱལ་ཡང་བཙོན་གྲོལ་ཐོབ་ནས་ཟླ༣ཚེས༢༩ཉིན་རང་ཁྱིམས་ལ་འབྱོར་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་ཁ་བཏག་གཡོག་པ་དང་པར་རྒྱབ་པ་དེ་བཞིན་རླུང་རྟ་གཏོར་བ་སོགས་བྱས་ནས་མངོན་གསལ་དོད་པོའི་དགའ་བསུ་སྣེ་ལེན་ཞུ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག གནས་ཚུལ་ལྟར་ན། ༢༠༡༢ལོའི་ཕྱི་ཟླ་༣པའི་ཚེས་༡༥ནས་༡༨བར་དུ་འབའ་རྫོང་གི་འབའ་ཤིང་ཁྲི་དགོན་པའི་གྲྭ་བཙུན་མང་ཚོགས་ཚོས་རྒྱ་ནག་གི་དྲག་པོའི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གནང་བའི་མཐར་རྒྱ་དམག་གིས་དྲག་པོའི་བཙན་གནོན་བྱས་ཏེ། སེར་སྐྱ་མང་ཚོགས་་བསད་རྨས་བཏང་པ་དང་ཁག་གཅིག་འཛིན་བཟུང་ཡང་བྱས་པའི་སྐབས་དེར། ཚེ་བརྟན་རྒྱལ་ལགས་ཀྱིས་དེ་དག་ལ་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པའི་དྲ་ཡིག་བཀྲམ་པའི་རྐྱེན་གྱིས་ཕྱི་ཚེས་༢༠ཉིན་ཁོང་ཡང་འཛིན་བཟུང་བྱས་བ་དང་། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུར་ངན་སྐུལ་བྱས་པར་ཉེས་མིང་བཏགས་ཏེ་ཁོང་ལ་དུས་བཀག་ལོ་གསུམ་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་༨༠༥ཟེར་བའི་བཙོན་ཁང་ནང་བཅུག་ཏེ་ད་བར་ལོ་གསུམ་རིང་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་ཡོད་འདུག
གསར་འགོད་པ་ལྕགས་མོ་འཚོ་དང་ཀླུ་འབུམ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་ཀུན་བཟང་བསྟན་འཛིན།