རང་བཙན་ཞེས་བའི་གློག་བརྙན་ལ་བྱ་དགའ་རིམ་པ་གསུམ་ཐོབ་འདུག
2017.06.14
བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་དངོས་བྱུང་གཞིར་བཟུང་གི་གློག་བརྙན་༼རང་བཙན༽ཞེས་པ་ཞིག་ལ་རྒྱ་གར་བྷེང་ལོར་དང་ལྡི་ལི། དབྱིན་ཡུལ་སོགས་ཀྱི་གློག་བརྙན་དུས་སྟོན་ཐོག་བྱ་དགའ་གསུམ་ཐོབ་འདུག
དེ་ཡང་ཟླ་བ་འདིའི་ཚེས་༡༣ ཉིན་བོད་ཀྱི་བང་ཆེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་གྲོང་ཁྱེར་བྷེང་ལོར་དུ་གནས་སྡོད་བྱེད་མཁན་རྒྱ་གར་གྱི་གཞོན་སྐྱེས་གསུམ་གྱིས། བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་དུས་ཡུན་སྐར་མ་༣༩ ཅན་གྱི་དངོས་བྱུང་གཞིར་བཟུང་གི་གློག་བརྙན་༼རང་བཙན༽ཞེས་པ་ཞིག་བཟོས་ཡོད་པ་དང་། གློག་བརྙན་དེར་བྷེང་ལོའི་དུས་ཐུང་གློག་བརྙན་དུས་སྟོན་ལ། དངོས་བྱུང་གཞིར་བཟུང་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། དེ་མིན་ལྡི་ལིའི་པེར་ཡཱག་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ། ཟུར་དཔང་གི་དམིགས་བསལ་བྱ་དགའ། དབྱིན་ཡུལ་དུ་རཱིལ་རྒྱལ་སྤྱིའི་དུས་སྟོན་དུ། ཚོགས་བཅར་མི་མང་གི་དགའ་ཤོས་བྱེད་སའི་གློག་བརྙན་གྱི་བྱ་དགའ་ཡང་ཐོབ་ཡོད་འདུག་ལ། དེ་བཞིན་རྒྱ་གར་ནང་དང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོ་ཞིག་ནང་འདེམས་ཐོན་བྱུང་ཡོད་འདུག
གློག་བརྙན་དེའི་ནང་རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ཀྱི་འཚོ་བ་དང་། བོད་མིའི་འཐབ་རྩོད་དང་འབྲེལ་བའི་སྐོར་བརྗོད་ཡོད་པ་རེད། གློག་བརྙན་བཟོ་མཁན་ལོ་ན་༢༦ ཡིན་པའི་སན་ཏོ་ཤེ་དང་། ལོ་ན་༢༤ ཡིན་པའི་ཨེ་མན། སུ་མི་ཌེ་བཅས་གསུམ་ནི་བྷེང་ལོར་ཡོད་པའི་བོད་པའི་སློབ་མ་མང་པོ་སློབ་སྦྱོང་བྱེད་ཡུལ་སེན་ཇོ་སེབ་(ST JOSEP)མཐོ་སློབ་ཀྱི་སློབ་ཟུར་ཡིན་འདུག
གསར་འགོད་པ་ལྕགས་མོ་འཚོ།