ལྕགས་ལམ་གསར་བསྐྲུན་གྱིས་བོད་ནང་རྒྱ་མིའི་མི་འབོར་སྤོ་ཤུགས་ཀྱི་ཆ་རྐྱེན་དུ་འགྲོ་རྒྱུ་རེད། བོད་མིའི་སྒྲིག་འཛུགས་ཀྱིས།
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཐོག་བརྒྱུད་ཟི་ལིང་ནས་ཁྲིན་ཏུའུ་དང་ལན་གྲུ་ནས་གཙོས་བར་ལྕགས་ལམ་བཟོ་འཆར་ཡོད་པ་དེས་བོད་ནང་རྒྱ་མི་གནས་སྤོ་སྟབས་བདེ་རུ་འགྲོ་རྒྱུ་དང་བོད་མིའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་འདུག
-
2019-03-21 -
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཐོག་བརྒྱུད་ཟི་ལིང་ནས་ཁྲིན་ཏུའུ་དང་ལན་གྲུ་ནས་གཙོས་བར་ལྕགས་ལམ་བཟོ་འཆར་ཡོད་པ་དེས་བོད་ནང་རྒྱ་མི་གནས་སྤོ་སྟབས་བདེ་རུ་འགྲོ་རྒྱུ་དང་བོད་མིའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་འདུག
རྒྱ་ནག་ཀན་སུའུ་ཞིང་ཆེན་གྱི་ལན་གྲུ་གྲོང་ཁྱེར་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་གཙོས་གྲོང་ཁྱེར་དང་། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་བར་གྱི་བོད་ཀྱི་ས་ཐོག་བརྒྱུད་རྒྱ་ནག་གཞུང་གིས་ལྕགས་ལམ་བཟོ་འཆར་ཡོད་པར། ས་གནས་ཀྱི་ཁུལ་དཔོན་དང་རྫོང་དཔོན་འབྲེལ་ཡོད་ལྕགས་ལམ་ལས་དོན་པ་སོགས་གཙོས་གྲོང་ཁྱེར་དུ་འཚོགས་འདུ་བསྡུས་ལུགས་རྒྱ་ནག་གཞུང་གིས་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་ནང་ཕྱི་ཟླ་ ༣ ཚེས་༢༠ཉིན་གནས་ཚུལ་སྤེལ་ཡོད་ཅིང་། ཕྱི་ཚེས་ ༢༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྩ་བའི་བོད་ཀྱི་ས་ཁུལ་དུ་འཛུགས་བསྐྲུན་ཡར་རྒྱས་བཏང་བར་བསྔགས་བརྗོད་དགའ་བསུ་ཡོད་ནའང་ད་ལྟ་རྒྱ་ནག་གིས་བོད་ནང་ལྕགས་ལམ་དང་གནམ་ཐང་ལམ་ཁ་སོགས་མང་པོ་ཅིག་བཟོ་བཞིན་པས་བོད་མི་དམངས་དང་ས་གནས་ལ་ཕན་ཐོགས་ཉུང་བ་དང་། རྒྱ་རིགས་མི་འབོར་སྤོ་ཤུགས་དང་གཏེར་ཁ་སྔོག་འདོན། དྲག་པོའི་གོ་མཚོན་དང་དམག་དཔུང་དབོར་འདྲེན་བཅས་སུ་བེད་སྤྱོད་བཏང་བསྡད་ཡོད་པས། ལྕགས་ལམ་དེས་བོད་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ལ་དོ་ཕོག་དང་། རྒྱ་མི་རིགས་མང་པོ་བོད་ཀྱི་ས་ཁུལ་དུ་ཡོང་བར་མཐུན་རྐྱེན་དུ་འགྲོ་རྒྱུ་ཡིན་པ་གསུངས་འདུག
ཡང་བོད་ནང་གི་གནས་སྟངས་ཉམས་ཞིབ་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ལྕགས་ལམ་གྱི་དབང་གིས་བོད་ཀྱི་ཞིང་འབྲོག་མི་མང་ཚོའི་ས་ཆ་རྒྱ་མིའི་ལག་ཏུ་ཤོར་བ་དང་འཚོ་གནས་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསུངས་ཤིང་། ཁོང་གིས་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བལྟས་ན། མེ་འཁོར་ལྕགས་ལམ་སླེབས་ནས་རྒྱ་ནག་གཞུང་གིས་ཞིང་འབྲོག་མང་པོའི་ས་ཆ་འཕྲོག་སྟེ། ས་ཞིང་མང་པོ་མེད་པ་བཟོས་སྟབས་ཞིང་འབྲོག་མི་དམངས་ཀྱི་འཚོ་བར་དཀའ་ངལ་བཟོས་ཡོད་སྟབས། ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་འདི་དག་གིས་བོད་མིའི་སྤྱི་ཚོགས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་བཅས་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པའི་དགོངས་ཚུལ་གསུངས་འདུག
གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས། ལྕགས་ལམ་བཟོ་སྐབས་སུ་རོང་པའི་ཞིང་ས་མང་པོ་གཞུང་བཞེས་དང་། འབྲོག་པའི་རྩྭ་ས་གཞུང་བཞེས་སོགས་ཀྱི་དོ་ཕོག་ཡོང་ངེས་ཙམ་མ་ཟད། གཏེར་ཁ་སྔོག་འདོན་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་སོགས་ཁོར་ཡུག་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡོང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ལན་གྲུ་ནས་གཙོས་བར་ལྕགས་ལམ་བཟོ་འཆར་གྱི་རིང་ཚད་ལ་སྤྱི་ལེ་༡༤༧དང་འགྲོ་སོང་མ་དངུལ་རྒྱ་ནག་གི་སྒོར་མོ་དུང་ཕྱུར་༢༣༩ གནས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་་། ཟི་ལིང་ནས་ཁྲིན་ཏུའུ་བར་ཀན་སུའུ་ལམ་དུམ་གྱི་རིང་ཚད་སྤྱི་ལེ་༡༨༦དང་། སྤྱིའི་འགྲོ་སོང་མ་དངུལ་རྒྱ་སྒོར་དུང་ཕྱུར་༣༤༤ གནས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་ས་དཔྱད་དང་འཆར་འགོད་རྣམས་འདི་ལོའི་སྤྱི་ཟླ་༣པའི་ཚེས་༢༠སྔོན་ཚུད་ནས་བྱེད་ཚར་ཡོད་འདུག