བལ་ཡུལ་དུ་ངོ་རྒོལ་བས་འགྲུལ་སྐྱེལ་སྣུམ་འཁོར་ལ་གཏོར་སྐྱོན་བཏང་བ།
2015.10.24

༄༅། །བལ་ཡུལ་གྱི་ལྷོ་ཕྱོགས་ས་ཁུལ་ནང་གྲངས་ཉུང་མི་རིགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་མཚམས་ཁུལ་དུ་འགྲུལ་བསྐྱོད་བྱེད་མཁན་གྱི་འགྲུལ་བསྐྱོད་སྤྱི་སྤྱོད་སྣུམ་འཁོར་ལ་གཏོར་སྐྱོན་བཏང་ནས་མི་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག
བལ་ཡུལ་གྱི་ལྷོ་ཕྱོགས་མ་དེ་སི(Madhesi)གྲངས་ཉུང་མི་རིགས་ཚོས་བལ་ཡུལ་གྲོས་ཚོགས་ནས་ཉེ་དུས་གཏན་འབེབས་བྱུང་བའི་རྩ་ཁྲིམས་ནང་དོན་ལ་མི་འདོད་པར་འདས་པའི་གཟའ་འཁོར་ཁ་ཤས་རིང་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡིན་པ་དང་། དེ་རིང་ཕྱི་ཚེས་༢༤ཉིན་ངོ་རྒོལ་བས་ Dhaklebar ས་གནས་བརྒྱུད་ནས་འགྲུལ་སྐྱེལ་བྱེད་བཞིན་པའི་སྤྱི་སྤྱོད་སྣུམ་འཁོར་ཞིག་ལ་རྡོ་སོགས་གཞུས་ཏེ་གཏོར་སྐྱོན་བཏང་ནས་ཉུང་ཐར་ཡང་དེའི་ནང་ཡོད་པའི་འགྲུལ་པ་མི་གྲངས་བརྒྱད་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་ས་གནས་ཉེན་རྟོག་དཔོན་Ram Dutta Joshi ཟེར་བས་འགྲེལ་བརྗོད་བྱས་འདུག ཉེན་རྟོག་པས་མེ་མདའ་མཁའ་དབྱིངས་སུ་རྒྱབ་ནས་ངོ་རྒོལ་བ་ཚོ་ཁ་གཏོར་བཏང་ཡོད་ཅིང་ངོ་རྒོལ་བྱེད་མཁན་ཚོར་སྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་མེད་པ་ཨེ་པེ་གསར་འགྱུར་རྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག བལ་ཡུལ་ལྷོ་ཕྱོགས་ཀྱི་Madhesiམི་རིགས་ཚོགས་པས་གཞུང་ལ་ངོ་རྒོལ་རྔམ་སྟོན་གཟའ་འཁོར་ཁ་ཤས་གཏུད་མར་བྱས་པ་མ་ཟད་རྒྱ་གར་ནས་བལ་ཡུལ་ནང་འོར་འདྲེན་བྱེད་བཞིན་པའི་རྡོ་སྣུམ་གཙོས་པའི་དངོས་ཟོག་བཀག་འགོག་བྱས་པའི་རྐྱེན་གྱིས་བལ་ཡུལ་ནང་སྣུམ་སོགས་མེད་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པ་མ་ཟད་བལ་ཡུལ་གཞུང་གིས་མི་རིགས་རྒྱ་གར་བ་ཡིན་པའི་བལ་ཡུལ་ལྷོ་ཕྱོགས་Madhesiགྲངས་ཉུང་མི་རིགས་ཀྱི་ངོ་རྒོལ་ལས་འགུལ་དེའི་རྒྱབ་ཏུ་རྒྱ་གར་ཡོད་པར་ངོས་འཛིན་གྱིས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་ཡང་དོ་ཕོག་བྱུང་ཡོད་པ་རེད།།
གསར་འགོད་པ་འཆི་མེད།