རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་པར་བསྟུད་མར་ངོ་རྒོལ།
2016.03.28

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་པར་ངོ་རྒོལ་བྱེད་མཁན་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལ་རྒྱ་མི་ཚོས་གཅར་རྡུང་བྱས་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་Czechསྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Pragueདུ་དེ་རིང་སྤྱི་ཚེས་༢༨་རེས་གཟའ་ཟླ་བའི་ཉིན། གཞུང་འབྲེལ་ལྟ་སྐོར་ལ་འབྱོར་སྐབས། ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་ཅིན་ཕེན་འབྱོར་སའི་གནམ་ཐང་ནས་རྒྱལ་ས་Pragueཡི་གྲོང་ཁྱེར་དབུས་བར་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་འདུག། བོད་དོན་རྒྱབ་སྐྱོར་ལས་འགུལ་བ་རྣམ་པས་གནམ་ཐང་འགྲམ་གྱི་ཤིང་སྡོང་སྟེང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡུལ་དེའི་སྲིད་འཛིན་ཟུར་པ་Vaclav Havelརྣམ་གཉིས་ཀྱི་སྐུ་པར་ཆེན་པོ་ཞིག་བཀལ་བ་དང། བོད་དོན་རྒྱབ་སྐྱོར་འགའ་ཤས་ཀྱིས་གློག་ཤིང་སྟེང་བཀལ་བའི་རྒྱ་ནག་གི་རྒྱལ་དར་མར་ཕབས་ནས་བོད་ཀྱི་རྒྱལ་དར་བཀལ་འདུག་ལ། ཡང་མི་འགའ་ཤས་ཀྱི་ལམ་ཆེན་འཁེལ་སའི་ཟམ་པའི་སྒང་ལ་བོད་ཀྱི་རྒྱལ་དར་བཀལ་གནང་འདུག།
ཚེས༢༨ཉིན་རྒྱལ་ས་Pragueནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་འབྱོར་སྐབས་དགའ་བསུའི་སྣེ་ལེན་བྱེད་མཁན་རྒྱ་རིགས་མང་པོ་འཛོམས་ཡོད་པ་དང་། ཁོང་ཚོས་དེར་ཡོད་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་ལས་འགུལ་ལ་འགོག་རྐྱེན་ཚབས་ཆེ་བཟོས་པ་མ་ཚད། རྒྱ་རིགས་མང་པོ་ཞིག་གིས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཙན་འདེད་དང་། ཚིག་རྩུབ་སྨྲས་པ། ལྷག་པར་དུ་བོད་ཀྱི་རྒྱལ་དར་བསྣམས་མཁན་ཞིག་ལ་རུབ་རྒྱབ་ནས་ཉེས་རྡུང་ཀྱང་བཏང་ཡོད་པའི་གནས་ཚུལ་དང་བརྙན་པར་སོགས་ཐོན་འདུག།
ཡུ་རོབ་བོད་གནས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་ཆར་Czechཁུལ་ཉེན་རྟོག་པས་བོད་དོན་རྒྱབ་སྐྱོར་བ་བཅུ་གྲངས་ཤིག་འཛིན་བཟུང་བཀག་ཉར་བྱེད་བྱས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་Czechཁུལ་ཉིན་གྲངས་གཉིས་རིང་ལྟ་སྐོར་བྱ་རྒྱུ་དང། རྒྱ་ནག་དང་Czechསྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་ཚུགས་ནས་མི་ལོ་༦༧འཁོར་བའི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཞིག་ཡུལ་དེའི་ནང་འཚམས་གཟིགས་ལ་འབྱོར་བ་ཐེངས་དང་པོ་དེ་ཆགས་ཀྱི་འདུག།
Czechཡུལ་གྱི་སྲིད་འཛིན་Milos Zemanགིས། ཞི་ཅིན་ཕེན་ལ་ཚད་མཐོའི་དགའ་བསུའི་སྣེ་ལེན་གནང་བཞིན་ཡོད་ནའང་ཅེཀ་ཁུལ་གནས་སྡོད་བོད་དོན་རྒྱབ་སྐྱོར་བ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རེས་གཟའ་སྤེན་པའི་ཉིན་ནས་རྒྱ་ནག་གི་རྒྱལ་དར་བཅུ་གྲངས་ཤིག་ལ་ཚོན་ནག་པོ་བྱུགས་ནས་ངོ་རྒོལ་གནང་བ་སོགས་ད་བར་ངོ་རྒོལ་ལས་འགུལ་འདྲ་མིན་བསྟུད་མར་སྤེལ་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།