རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་གསོལ་སྟོན་བཤམ་སའི་མགྲོན་ཁང་མདུན་དུ་ངོ་རྒོལ་བྱས་འདུག

བོད་མི་ཞིག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་གསོལ་སྟོན་བཤམ་སའི་མགྲོན་ཁང་མདུན་གྱི་ལྕགས་སྡོང་སྟེང་འཛེགས་ཏེ་བོད་ཀྱི་རྒྱལ་དར་གནམ་ལ་འཕྱར་བཞིན་ངོ་རྒོལ་བྱས་འདུག

AP

འདི་ཚེས་༡༥ཉིན་ཨ་མི་རི་ཀའི་སྲིད་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་མཇལ་འཕྲད་གནང་བ་དང་བསྟུན། ཉིན་དེར་ཉིན་གང་བོད་མི་དང་། ཡུ་གུར་བ། ཧོང་ཀོང་གི་རང་དབང་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་མི་བཅས་ཚོགས་སྡེ་མང་པོས་རྣམ་པ་འདྲ་མིན་གྱི་ལམ་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དགོང་མོ་(San Francisco)་གྲོང་ཁྱེར་གྲོང་ཁྱེར་གྱི་(Hyatt Regency)་གསོལ་མགྲོན་ཁང་དུ་ཞི་ཅིན་ཕིན་གྱིས་ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་ལས་ཁང་གི་གཙོ་འཛིན་སོགས་ཨ་རིའི་ཚོང་དོན་མི་སྣ་ཁག་དང་ཐུག་འཕྲད་ཀྱི་གསོལ་སྟོན་དང་གཏམ་བཤད་གནང་གི་ཡོད་པར་བརྟེན། མུ་མཐུད་དུ་མགྲོན་ཁང་ཕྱི་རོལ་དུ་བོད་མི་གཙོས་ཚོགས་སྡེ་མང་པོས་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚེ་ལྷ་རྫོགས་བཟང་ལགས་མགྲོན་ཁང་གི་མདུན་གྱི་ལྕགས་ཧྲེང་གི་སྟེང་དུ་འཛེགས་ནས་དུས་ཡུན་རིང་པོར་བོད་ཀྱི་རྒྱལ་དར་གནམ་ལ་འཕྱར་ཞོར་བོད་ལ་རང་དབང་དགོས་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། འཆི་མེད་ལྷ་མོ་ལགས་ཀྱིས་མགྲོན་ཁང་གི་ཁ་གཏད་དུ་ཡོད་པའི་ཁང་རྩེགས་ཤིག་ནས་དབང་ཆ་སྒེར་སྤྱོད་པ་ཞི་ཅིན་ཕིན་ཁྱེད་ཀྱི་དུས་ཡུན་རྫོགས་ཟིན། བོད་རང་བཙན་ཞེས་པའི་ངོ་རྒོལ་གྱི་བརྗོད་ཚིག་བྲིས་པའི་འཕྲེད་དར་འཕྱར་ནས་ངོ་རྒོལ་བྱས་ཡོད་པ་རེད།


བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་པདྨ་སྒྲོན་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་ཕ་མ་དང་ཁ་བྲལ་ནས་བཅའ་སྡོད་སློབ་གྲྭར་བཙན་ཤེད་ཀྱིས་བཅུག་པའི་སྲིད་ཇུས་དེ་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང་། བོད་མིའི་ངོ་བོ་བཅས་བ་རྩ་མེད་བཟོ་ཐབས་ཡིན་པར་བརྟེན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞན་པ་དང་། ད་རེས་རྒྱ་ནག་གི་སྲིད་འཛིན་(Xi Jinping)་འདིར་དངོས་སུ་འབྱོར་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚེ་ལྷ་རྫོགས་བཟང་ལགས་ཀྱིས་བོད་མཐོང་མྱོང་མེད་ཀྱང་བོད་དོན་ཆེད་དུ་ལས་འགུལ་སྤེལ་སྟངས་དང་སེམས་ཤུགས་འདིས་བོད་མི་མི་རབས་གསར་པ་ཚོའི་ལས་འགུལ་ལ་རེ་བ་ཞིག་གཟིགས་ཀྱི་ཡོད་པ་ངོ་སྤྲོད་གནང་བྱུང་།

Photo @AFP


ད་རེས་ཚེས་༡༥ཉིན་ཨ་རིའི་(San Francisco)་གྲོང་ཁྱེར་དུ་(APEC)་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ། ཨ་རིའི་སྲིད་འཛིན་འཇོ་སྦཡེ་ཌན་མཆོག་གིས་སྣེ་ལེན་གྱི་གསུང་བཤད་གནང་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་ནི་ཀུན་ལ་མཁོ་བ་དང་། རྒྱལ་ཁབ་ཚང་མར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ལས་འགན་ཡོད། ཅེས་གསུངས་བ་མ་ཟད། སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིན་དང་མཇལ་འཕྲད་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤིན་ཅང་དང་བོད། ཧོང་ཀོང་བཅས་ཚུད་པའི་མངལ་ཁུལ་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བརྡལ་བཤིག་གཏོང་བཞིན་པའི་ཐད་ཐུགས་འཚབ་ཡོད་པ་གླེང་ཡོད་པ་ཕོ་བྲང་དཀར་པོས་སྲིད་འཛིན་གྱི་གསུངས་བཤད་རྣམས་ཡིག་ཐོག་ནས་ཡོངས་ཁྱབ་གནང་པའི་ནང་འཁོད་འདུག
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་༡༧བར་ཨ་རིའི་(San Francisco)་གྲོང་ཁྱེར་དུ་ཚོགས་བཞིན་པ་དང་། དེ་དང་མཉམ་ཨ་རིའི་སྲིད་འཛིན་(Joe Biden)་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གཉིས་གླེང་སྟེགས་ཀྱི་ཟུར་ནས་ཐུག་འཕྲད་གནང་བ་ཞིག་ཡིན་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org