རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་འབྱོར་སྐབས་ངོ་རྒོལ།
2020.08.28

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ཧྥ་རན་སི་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཟིགས་སྐོར་འབྱོར་སྐབས་ས་གནས་བོད་མི་དང་ཡུ་གུར་ཧོང་ཀོང་སོགས་ཀྱི་མི་སྣ་མང་པོ་འཛོམས་ནས་ངོ་རྒོལ་སྐད་འབོད་བྱས་འདུག
ཕྱི་ཟླ་ ༨ ་ཚེས་༢༥་ཉིན་ནས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang Yi)་ཨི་ཊ་ལི་དང་། ནེ་དྷར་ལེནཌ། ནོར་ཝེ། ཧྥ་རན་སི། འཇར་མན་བཅས་ཡོ་རོབ་ཀྱི་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་འཚམས་གཟིགས་བྱེད་བཞིན་པའི་སྐབས་དང་བསྟུན་བོད་དང་ཤར་ཏུར་ཀིསི་ཐན། ཡུ་གུར་མི་རིགས། དེ་བཞིན་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་སོགས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱས་འདུག་ལ། དེ་བཞིན་འདས་པའི་ཉིན་ཤས་ནང་གཟིགས་སྐོར་བྱེད་ཡུལ་ཨི་ཊ་ལི་དང་། ནེ་དྷར་ལན་ཌི། ནོར་ཝེ་བཅས་སུ་འབྱོར་སྐབས། ཡུལ་གྲུ་དེ་དག་གི་ཕྱི་སྲིད་བློན་ཆེན་དབུས་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་འདྲི་རྩད་གནང་ཡོད་པ་དང་། དཔེར་ན། ཨི་ཊ་ལིའི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་སྐབས། ཨེ་ཊ་ལིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཝང་ཡེས་ལ་ང་ཚོའི་ངོས་ནས་རྒྱ་ནག་དང་མཉམ་འབྲེལ་བ་ཡག་དུ་གཏོང་རྒྱུའི་འདུན་པ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་སྲིད་ཇུས་ལ་འདོད་པ་དང་ངོས་ལེན་མེད་ཚུལ་གསུངས་ཡོད་པ་རེད། ཨི་ཊཱ་ལིའི་ནང་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་དེ་བཞིན་བོད་མི་དང་བོདདོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་ཨི་ཊ་ལིའི་གཞུང་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚབ་དང་ལྷན་དུ་ཞི་མོལ་གནང་དགོས་པའི་དགོས་འདུན་བཏོན་དགོས་པའི་འབོད་སྐུལ་གནང་འདུག
ཚེས་༢༨་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཧྥ་རན་སིའི་རྒྱལ་སར་འབྱོར་ནས། ཧྥ་རན་སིའི་སྲིད་འཛིན་ཨེ་མེ་ནུཡེལ་མཀ་རོན་ (Emmanuel Macron)་མཆོག་དང་མཇལ་འཕྲད་བྱེད་བཞིན་པའི་སྐབས་དང་བསྟུན། ས་གནས་བོད་མི་དང་། ཐེ་ཝན། ཡུ་གུར་དང་ཧོང་ཀོང་སོགས་ཀྱི་མི་གྲངས་བརྒྱ་ཕྲག་ཁ་ཤས་མཉམ་དུ་འཛོམས་ནས། ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་དང་མཉམ་དུ། བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་གནད་དོན་དང་། དེ་འབྲེལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པ་གསལ་སྟོན་གྱིས་གླེང་སློང་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་མཉམ། རྒྱ་ནག་གཞུང་གིས་ཡུལ་ལུང་དེ་དག་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་དང་། ལྷག་དོན། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་རྒྱ་ནག་གཞུང་གིས་ཕྱི་ལ་སྦས་གསང་བྱས་བར་བརྟེན། ད་ཆ་འཛམ་གླིང་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་བཞིན་པའི་ནག་ཉེས་འགན་ལེན་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཧྥརན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་ཡུལ་དེའི་སྲིད་འཛིན་ཨེ་མེ་ནུཡེལ་མཀ་རོན་ (Emmanuel Macron)མཆོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བོད་རྒྱ་ཞི་མོལ་སླར་གསོ་དགོས་པའི་དགོན་འདུན་བཏོན་དགོས་པའི་ཞུ་སྐུལ་ཡང་གནང་ཡོད་འདུག་ལ། ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། མི་རིགས་མཉམ་འཛོམས་ཀྱིས་ངོ་རྒོལ་དང་མཉམ་དུ། ང་ཚོ་ས་གནས་བོད་རིགས་ཚོགས་པ་དང་། ཆོལ་ཁ་གསུམ་གྱི་ཚོགས་པ། གཞོན་ནུ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་མཉམ་རུབ་གྱིས། ཧྥ་རན་སི་གཞུང་ལ་སྙན་ཞུ་ཕུལ་ནས། ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་དང་མཉམ་དུ་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པ་གཙོས་བོད་ཀྱི་གནད་དོན་གླེང་དགོས་བའི་རེ་འདུན་བཏོན་ཡོད་པ་འགྲེལ་བརྗོད་གནང་ཡོད།
ཝང་ཡེས་ད་རེས་ཡོ་རོབ་ཁུལ་འཚམས་གཟིགས་སུ་བསྐྱོད་པ་འདི་ནི་སྔ་ལོ་ཕྱི་ལོ་ ༢༠༡༩ ལོ་མཇུག་ཏུ་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་རྒྱ་ནག་ནས་ཐོག་མར་མཆེད་པའི་རྗེས། ཕྱིའི་རྒྱལ་ཁབ་ལ་འཚམས་གཟིགས་སུ་བསྐྱོད་མཁན་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་རེད།