རྒྱལ་ས་པེ་ཅིང་ནས་བོད་དོན་ལས་འགུལ་སྤེལ་བའི་གློག་བརྙན།
2016.01.07
དེ་ཡང་བཙན་བྱོལ་གྱི་བོད་མི་ཞིག་གིས། དེ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་དོན་ལས་འགུལ་ཐེངས་དང་པོ་སྤེལ་བའི་དངོས་བྱུང་གློག་བརྙན་སྐར་མ་༡༣ བྱས་པ་དེ། ཕྱི་ཟླ་དང་པོའི་ཚེས་༨རེས་གཟའ་པ་སངས་ཉིན་གུང་རྒྱབ་ཏུ་འཛམ་གླིང་ནང་དར་གསོ་ཆེ་བའི་དྲ་རྒྱ་Youtubeདང་། ངོ་དེབ་facebook་ཐོག་ལ་སྟོན་རྒྱུ་ཡིན་པ་རེད།
དེའི་ཐད་བཀྲས་མཐོང་དབང་པོ་ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། གློག་བརྙན་དེའི་ནང་དོན་ནི་ལོ་ངོ་བཅུའི་གོང་སྟེ། ཕྱི་ལོ་༢༠༠༦ལོའི་ཕྱི་ཟླ་གསུམ་པའི་ཚེས་༨ཉིན་སུད་སིར་བཞུགས་མཁན་བཀྲས་མཐོང་དབང་པོ་ལགས་ཀྱིས། པེ་ཅིང་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་ཐོག་བོད་དོན་ལས་འགུལ་སྤེལ་བའི་སྐོར་ཡིན་ཞིང་། བདེ་ཆེན་སྤེན་པ་ལགས་དང་། སེ་བོ་བསྟན་འཛིན་ལགས་། དབང་པོ་བཀྲས་མཐོང་ལགས་། དེ་མིན་མཚན་གསུང་འདོད་མེད་པའི་མི་ཞིག་གཙོས་པའི་ཁོང་ཚོས་གློག་བརྙན་དེ་འགྲེམས་སྤེལ་གནང་གི་ཡོད་པ་རེད།
དངོས་བྱུང་གློག་བརྙན་དེ་ནི་དབྱིན་སྐད་ཐོག་ཡིན་པ་དང་། དེ་སྔ་༢༠༠༦ལོར་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ཐོག་བོད་མིས་ལས་འགུལ་ཐེངས་དང་པོ་སྤེལ་བའི་སྐོར་གྱི་གློག་བརྙན་དེ་། དེ་སྔོན་བོད་དོན་ལས་འགུལ་ཆུང་ཙག་ཁ་ཤས་ཙམ་ལ་སྟོན་པ་མ་གཏོགས་ད་བར་མང་ཚོགས་རྒྱ་ཁྱབ་ལ་སྟོན་མྱོང་མེད་པ་རེད།
སུད་སིར་བཅའ་བཞུགས་གནང་མཁན་སྐབས་༡༥ པའི་ཡོ་རོབ་ཁུལ་གྱི་བོད་མི་དམངས་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་ནི། སྐབས་དེའི་རྒྱལ་སྤྱིའི་ཐོག་ལ་བོད་དོན་གྱི་ལས་འགུལ་སྤེལ་རྒྱུའི་ལས་དོན་གྱི་འབྲེལ་ལམ་གནང་མཁན་ཡིན་ཞིང་། ཁོང་གིས་རྒྱལ་ས་པེ་ཅིང་དུ་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་དང་ཐུགས་འཕྲད་གནང་སྟེ་། ༢༠༠༨ལོར་རྒྱ་ནག་ཏུ་ཚོགས་པའི་རྒྱལ་སྤྱིའི་Olyempicརྩེད་འགྲན་སྐབས་བོད་དོན་ལས་འགུལ་སྤེལ་རྒྱུའི་འཆར་གཞིའི་གནས་ཚུལ་རྣམས་མཁོ་སྤྲོད་བྱས་པ་མ་ཟད་། ཁོང་ཚོས་༢༠༠༦ནས་༢༠༠༨ལོའི་ཕྱི་ཟླ་བརྒྱད་པ་བར་བོད་དོན་ལས་འགུལ་སྤེལ་ཡོད་པ་ལྟར་། ༢༠༠༦ ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སྤེལ་བའི་བོད་དོན་ལས་འགུལ་དེ་ཡང་༢༠༠༨ལོའི་བོད་དོན་ལས་འགུལ་གྱི་རྣམ་གྲངས་ཤིག་ཡིན་པ་དང་། དེར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པའི་སྐོར་སོགས་འཁོད་འདུག
གསར་འགོད་པ་ཉི་མ་གཡུ་སྒྲོན།