ལྡི་ལིར་རྒྱ་ནག་གི་དཔོན་རིགས་ཞིག་སླེབས་སྐབས་བོད་མིས་ངོ་རྒོལ་དང་འཛིན་བཟུང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོས་ལྡི་ལི་རུ་རྒྱ་ནག་གི་དཔོན་རིགས་ཁག་ཅིག་སླེབས་པ་དང་སྟབས་བསྟུན་ངོ་རྒོལ་སྐད་འབོད་བྱས་རྗེས་འཛིན་བཟུང་བཀག་ཉར་བྱས་འདུག
དེ་ཡང་སྤྱི་ཚེས་༢༣་ཉིན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལིའི་ས་གནས་གཞོན་ནུ་ལྷན་ཚོགས་ཁག་གཉིས་བཅས་ཟུང་འབྲེལ་གྱིས་རྒྱལ་ས་ལྡི་ལི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒྱ་ནག་ནས་ཡོང་པའི་རྒྱ་ནག་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་བློན་ཆེན་ཀྲོ་ཁེ་ཀྲི་(Zhao Kezhi) དང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་ཁུལ་དེའི་འགོ་ཁྲིད་ཁག་ཅིག་ཡོང་ནས་ཚོགས་འདུ་ཞིག་ཚོགས་བཞིན་ཡོད་པ་གོ་ཐོས་དང་བསྟུན། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཆུ་ཚོད་གཉིས་ཙམ་རིང་སྤེལ་འདུག ཕྱི་དྲོའི་ཆུ་ཚོད་གསུམ་ཙམ་གྱི་ཐོག་རྒྱ་གར་གྱི་ཉེན་རྟོག་པས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༣༥་འཛིན་བཟུང་གིས་ས་གནས་ཀྱི་ཉེན་རྟོག་ཁང་ཞིག་ལ་བཀག་ཉར་བྱས་སོང་སྐོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་སོང་།
བཀྲ་ཤིས་དོན་གྲུབ་ལགས་ད་ལྟ་རང་གཞོན་ནུ་ལྷན་ཚོགས་ཀྱི་ཚོིགས་མི་བཀག་ཉར་བྱ་སར་ཕེབས་ནས་ཁོང་ཚོའི་གནས་སྟངས་རྒྱུས་ལོན་བྱེད་དུས་ཁོང་ཚོ་ད་ལྟ་བདེ་འཇགས་ངང་གནས་ཡོད་པ་ལས་ག་དུས་གློད་གྲོལ་གཏོང་གི་ཡོད་མིན་ཤེས་རྟོགས་མེད་ཅེས་བརྗོད་འདུག ཁོང་གིས་ད་རེས་ཁོང་རྣམ་པས་ངོ་རྒོལ་བྱས་དོན་དེ་ནི་རྒྱ་གར་རང་དབང་ལུང་པའི་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་མེད་མཁན་རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་ཡོང་བར་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་དང་། དེ་བཞིན་རྒྱ་ནག་གི་དཔོན་རིགས་དེ་དག་རྒྱ་གར་ལ་ཕེབས་ནས་རྒྱ་གར་གྱི་དཔོན་རིགས་དང་རྒྱ་གར་ནང་གནས་མཁན་བོད་མི་ཚོར་དམ་བསྒྲགས་དགོས་པའི་སྐོར་བཀའ་མོལ་ཞུ་རྒྱུ་ཡིན་པ་གོ་ཐོས་བྱུང་པས་རྒྱ་གཞུང་གི་དཔོན་རིགས་ཚོར་དེ་ནམ་ཡང་སྒྲུབ་ཐབས་མེད་ཅེས་བརྡ་ལན་སྤྲོད་ཆེད་ཡིན་ཞེས་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

ལྡི་ལིའི་རྒྱ་མིའི་གཞུང་ཚབ་མདུན་དུ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ངོ་རྒོལ་བྱས་པ།

སྤྱི་ཟླ་༡༠ཚེས་༢༣ཉིན་གྱི་ཕྱི་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོས་རྒྱ་ནག་དབུས་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་བློན་ཆེན་ཀྲའོ་ཁེ་ཀྲེ་(Zhao Kezhi)རྒྱ་གར་དུ་སླེབས་པར་ངོ་རྒོལ་བྱས་ཡོད་པ། The Tibetan Youth Congress activists thronged outside Chinese Embassy, New Delhi on October 23, 2018 to protest against visits of Mr. Zhao Kezhi, State councilor and minister of public security of China.

Posted by Rfa Tibetan on Tuesday, October 23, 2018