ཨ་མདོ་རྔ་བ་རྫོང་ཐོག་ཏུ་བོད་རིགས་བུ་མོ་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་ཁྲི་ལོར་ཤོག་ཅེས་ཞི་འབོད་ཁྲོམ་སྐོར་གནང་ཡོད་འདུག
དེ་ཡང་འདི་ཚེས་༡༥་ཉིན་འདི་གའི་རླུང་འཕྲིན་ཁང་དུ་བརྙན་པར་དང་འབྲེལ་ཡོད་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གླིང་མདོའི་སྒོ་ཆེན་འགྲམ་དུ་བོད་ཆས་གྱོན་མཁན་བུ་མོ་གཉིས་ཀྱིས་ལག་ཏུ་གོང་ས་མཆོག་གི་སྐུ་པར་ཆེན་པོ་རེ་རེ་གནམ་ལ་མཐོན་པོར་བསྒྲེངས་ཏེ། ངག་ནས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་ནས་ཁྲི་ལོར་ཤོག་ཅེས་འབོད་ཚིག་སྒྲོག་གིན་ཁྲོམ་བསྐོར་གནང་ཡོད་འདུག
ངོ་རྒོལ་སྐད་འབོད་བྱེད་མཁན་བུ་མོ་དེ་གཉིས་ཀྱིས་ག་དུས་ངོ་རྒོལ་བྱས་པའི་དུས་ཚེས་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་དཀའ་བ་དང་། ད་ལྟའི་ཆར་བུ་མོ་དེ་གཉིས་ཀྱི་མིང་དང་། ཁོང་གཉིས་ཀྱིས་སྐད་འབོད་གནང་རྗེས་ཀྱི་གནས་སྟངས་ཅི་ཡིན་སོགས་ཀྱང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ལ་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་རྩད་གཅོད་བྱེད་བཞིན་པ་རེད།
འདས་པའི་དུས་ཡུན་རིང་རྔ་བ་གཙོ་བའི་བོད་ནང་གི་ས་གནས་ཁག་མང་པོའི་ནང་བོད་མི་མང་པོ་ཞིག་གིས་འཛེམས་ཟོན་མེད་པར་ཁེར་རྐྱང་གིས་ཁྲོམ་གཞུང་དུ་ཐོན་ཏེ་ཞི་རྒོལ་སྐད་འབོད་བྱས་ཡོད་ཅིང་། རྒྱ་གཞུང་གིས་ཞི་རྒོལ་བྱེད་མཁན་རྣམས་འཛིན་བཟུང་གིས་བཙོན་འཇུག་གི་ཉེས་ཆད་གཏོང་བཞིན་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།
བརྙན་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།
བུ་མོ་གཉིས་ཀྱིས་བོད་ནང་ཞི་བའི་སྐད་འབོད་ཁྲོམ་སྐོར་གནང་འདུག
