རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོ་རོབ་ཧྥ་རན་སིའི་ནང་འབྱོར་བར་བོད་མི་ཚོས་ངོ་རྒོལ་ཤུགས་ཆེ་གནང་བ།

2024.05.06
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡོ་རོབ་ཧྥ་རན་སིའི་ནང་འབྱོར་བར་བོད་མི་ཚོས་ངོ་རྒོལ་ཤུགས་ཆེ་གནང་བ། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་ལ་ངོ་རྒོལ་སྐབས། ༢༠༢༤།༠༥།༠༥ ཉིན།
བོད་རང་བཙན་སློབ་ཕྲུག་ཚོགས་པ།

རྒྱ་ནག་གིས་ཡོ་རོབ་ནང་གློག་སྒུལ་རླངས་འཁོར་ཆུང་བའི་རིགས་དང་ལྕགས་རིགས་ཀྱི་ཅ་ལག ལྷག་པར་སྨན་བཅོས་དང་འབྲེལ་ཡོད་ཀྱི་ཅ་ལག་སོགས་ཚོང་ཟོག་སྣ་མང་ཕྱིར་ཚོང་གིས། ཡོ་རོབ་དང་རྒྱ་ནག་དབར་ཚོང་ལས་དོ་སྙོམས་མེད་པ་དང་ཡོ་རོབ་ནང་ལས་ཀ་ཤོར་བའི་གྲངས་ཀ་ཇེ་མང་དུ་འགྲོ་ཉེན་དང་། ལྷག་པར་འཇར་མན་གྱི་རླངས་འཁོར་ཕྱིར་ཚོང་གི་ཁྲོམ་ར་ལ་གནོད་ཚབས་ཡོད་པ་སོགས་ལ་བརྟེན། ཡོ་རོབ་ནང་རྒྱ་ནག་དང་མཉམ་ལས་ཀྱི་ཐད་རྒྱལ་ཁབ་ཆེ་ཁག་གི་ལངས་ཕྱོགས་ཐ་དད་དུ་གྱུར་ཏེ། རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་ཉེན་ཡོད་པ་མ་ཟད། རྒྱ་ནག་གིས་ཀྱང་ཧྥ་རན་སིའི་ཟ་ཆས་དང་ཆང་གི་རིགས་ཕྱིར་ཚོང་གི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱབ་ཉེན་ཡོད་པས། ཕྱོགས་ཕན་ཚུན་གཉི་གའི་དགོས་མཁོ་ལ་ལྟོས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྤྱི་ཟླ་ ༥ པའི་ཚེས་ ༥ ཉིན་ཡོ་རོབ་ཧྥ་རན་སིའི་རྒྱལ་སར་འབྱོར་ཡོད་པར། ཧྥ་རན་སིའི་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཆིག་སྟོང་ལྷག་གིས་ངོ་རྒོལ་ཤུགས་ཆེ་གནང་ཡོད་ཅིང་།

སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གནམ་ཐང་ནས་མགྲོན་ཁང་དུ་འགྲོ་བའི་ལམ་བར་དུ། ཟམ་པ་མཐོན་པོ་ཞིག་གི་འོག་ཏུ་བརྒྱུད་དགོས་པའི་སྐབས་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚོས་བོད་ལ་རང་དབང་དགོས་པའི་འཕྲེད་དར་ཆེན་པོ་ཞིག་ཟམ་ཐོག་ནས་དཔྱངས་ཏེ་བོད་ཀྱི་དར་ཆ་ངོམས་སྟོན་གྱི་ལས་འགུལ་སྤེལ་ཡོད་སྐོར་སོགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་སྨིན་ལེགས་ལགས་ནས་འགྲེལ་བརྗོད་གནང་གི་འདུག

ཡང་སྤྱི་ཚེས་ ༤ ཉིན་ཨ་མི་རི་ཀ་ནས་ཡོང་བ་བོད་མི་ཚེ་ལྷ་རྫོགས་སངས་དང་ལྷ་མོ་གཉིས་ནས། ཧྥ་རན་སིའི་རྒྱལ་ས་པ་རིའི་ནང་གློག་སྡོང་གི་སྒང་ལ་འཛེགས་ཏེ་བོད་དར་འཕྱར་བ་དང་བོད་དོན་སྐད་འབོད་སོགས་ཀྱི་ལས་འགུལ་གནང་བར། སྤྱི་ཚེས་ ༥ ཉིན་ཧྥ་རན་སིའི་བོད་རིགས་ཚོགས་པ་གཙོས་ཚོགས་པ་དྲུག་ནས་ལས་འགུལ་འདུ་འཛོམས་ཆེན་པོ་ཞིག་གནང་བའི་སྟེང་། ཆེ་བསྟོད་ངོ་སྤྲོད་ཅིག་ཀྱང་གནང་བའི་སྐབས་ཧྥ་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་ནས་ཁོང་གཉིས་ལ་དགའ་བསུ་ཞུས་ཡོད་པ་རེད། 

བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནི་སྲིད་དབང་སྒེར་གཅོད་པ་དང་བོད་མི་རིགས་ཀྱི་རིག་གཞུང་གོམས་གཤིས་དང་བཅས་པ་རྩ་མེད་བཟོ་མཁན་ཞིག་རེད་ཅེས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པས། བོད་མི་ལས་འགུལ་བ་དེ་ཚོར་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ནས། ཞི་ཅིན་ཕིང་རང་དབང་ལུང་པ་གང་དུ་སླེབས་ན་ང་ཚོ་རྡོག་རྩ་གཅིག་སྒྲིལ་གྱིས་ངོ་རྒོལ་དང་བོད་དོན་གོ་རྟོགས་སྤེལ་རྒྱུ་ང་ཚོའི་ལས་འགན་རེད་ཅེས་གསལ་སྟོན་གནང་གི་འདུགཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་ཞུ་མཁན་ནི་ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་དྲུག་ནས་མཉམ་རུབ་ཀྱིས། ཞི་ཅིང་ཕིན་ཡུ་རོབ་ནང་མ་འབྱོར་གོང་ཟླ་བ་གཅིག་ནས་གྲ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཟུར་བ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨན་ངྷི་རེ་གྷ་ཏོ་ལིང་ལགས་ནས་བོད་མི་ལས་འགུལ་བ་ཚོར་གསུང་བཤད་གནང་དོན། ཉེ་ཆར་ཁོ་རང་ལ་ཧྥ་རན་སིའི་རྒྱལ་ཡོངས་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ནས་སྐུ་མགྲོན་དུ་སྲིད་འཛིན་མཱཀི་རོན་གདན་ཞུས་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་མཇལ་འཕྲད་གནང་བཅུག་ཐུབ་པ་དེ་ནི། སོ་སོ་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ལ་ཤ་ཚ་ཡོད་པ་ཞིག་ཡིན་པའི་ངོས་ནས་སྤོབས་པ་ཡོད་ཅེས་གསལ་སྟོན་གནང་གི་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྤ་རན་སིའི་ནང་འབྱོར་བ་ནི་འདས་པའི་ལོ་ལྔའི་ནང་ཁོ་རང་ཡོ་རོབ་ནང་ཡོང་བ་ཐོག་མ་དེ་ཆགས་ཡོད་ཅིང་། ཧྥ་རན་སིའི་སྲིད་འཛིན་མཱཀི་རོན་གྱིས་རྒྱ་ནག་དང་མཉམ་ལས་འབྲེལ་བ་བསྐྱར་མཐུད་བྱ་རྒྱུའི་གལ་གནད་ནི། རྒྱ་ནག་ལ་ད་ཆ་ཕྱོགས་མང་པོར་འབྲེལ་ཐུག་གི་ནུས་པ་ཡོད་པ་དང་། ཡོ་རོབ་ནང་ཚོང་ཟོག་འབོར་ཆེན་ཕྱིར་ཚོང་བྱེད་བཞིན་པས་རེད་ཅེས་གསལ་སྟོན་གནང་ཡོད་ནའང་། ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༢༧ རྒྱ་ནག་གི་གནད་དོན་ཐད་ཕྱོགས་གཉིས་སུ་གྱེས་པའི་ཁར། དམིགས་བསལ་འཇར་མན་དང་ཧྥ་རན་སི་ལྡོག་ཕྱོགས་ཆགས་ཡོད་པས། ཞི་ཅིན་ཕིང་གིས་ཧྥ་རན་སིའི་རྗེས་སུ་ཧང་གྷ་རི་དང་སིར་སྦི་ཡ་ཙམ་གྱི་ནང་བལྟ་སྐོར་འཆར་གཞི་སྒྲིག་ཡོད་པ་རེད།

Franch senator.png

ཕྱི་ཟླ་༥བའི་ཚེས་༢ཉིན། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་(Jacqueline Eustache-Brinio)་ལགས་གཙོས་གྲོས་ཚོགས་འཐུས་མི་༡༣གྱིས་མཚན་རྟགས་བརྒྱབ་པའི་འབོད་སྐུལ་ཡིག་གེ་ཞིག་ཧྥ་རན་སིའི་སྲིད་འཛིན་གྱི་མཚན་ཐོག་ཕུལ་ནས། ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་ལགས་ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་གཞུང་དོན་མཇལ་འཕྲད་སྐབས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་ཡང་སྒོས་བོད་ཀྱི་གནད་དོན་གླེང་སློང་དགོས་བའི་འབོད་སྐུལ་ཞུས་འདུག


གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎