རྒྱ་ནག་སྲིད་བློན་དང་ཉི་ཧོང་སྲིད་བློན་བར་མཇལ་འཕྲད།

ཉི་ཧོང་དང་རྒྱ་ནག་གི་སྲིད་བློན་རྣམ་གཉིས་ཤར་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་ཁག་གི་ལྷན་ཚོགས་ཞོར་དུ་མཇལ་འཕྲད་ནང་ཡོད་པ་རེད་

༄༅༎ཉི་ཧོང་དང་རྒྱ་ནག་གི་སྲིད་བློན་རྣམ་གཉིས་ལྦིཏ་ནམ་གྱི་རྒྱལ་སའི་ནང་ཚུགས་བཞིན་པའི་ཤར་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་ཁག་གི་ལྷན་ཚོགས་ཞོར་དུ་མཇལ་འཕྲད་ནང་ཡོད་པ་རེད་

གཟའ་སྤེན་པའི་ཉིན་ལྦིཏ་ནམ་དུ་ཉི་ཧོང་དང་རྒྱ་ནག་གི་སྲིད་བློན་རྣམ་གཉིས་དུས་ཡུན་སྐར་མ་བཅུ་ཙམ་རིང་གཞུང་འབྲེལ་མིན་པའི་ཐོག་ནས་མཇལ་འཕྲད་གནང་ཡོད་པ་དང་ མཇལ་འཕྲད་གྲུབ་པའི་རྗེས་ཉི་ཧོང་གི་སྲིད་བློན་མཆོག་ནས་མ་འོངས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་རྒྱུན་ལྡན་ཅན་དུ་འགྱུར་རྒྱུར་འདེངས་ཚོད་ཡོད་པའི་སྐོར་གསུངས་ཡོད་པ་དང་ ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་སྲ་བརྟན་ཡོང་རྒྱུ་དེས་ ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་ཁྱོན་ཡོངས་ཀྱི་བརྟན་ལྷིང་ལ་གལ་འགངས་ཆེན་པོ་ཡིན་པའི་སྐོར་གསུངས་འདུག

ཉི་ཧོང་བློན་ཆེན་ལས་ཁང་གི་དྲུང་ཡིག་ཆེན་མོ་ཕུ་ཀུ་ཡ་མ་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་སྐབས་་ལ་ཡང་ ཤར་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་ཁག་གི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་སྔོན་ཙམ་དུ་ཉི་ཧོང་གི་སྲིད་བློན་ཁན་དང་རྒྱ་ནག་གི་སྲིད་བློན་དབུན་རྣམ་གཉིས་དུས་ཡུན་ཐུང་ཐུང་ཞིག་གི་རིང་མཇལ་མོལ་གནང་ཡོད་པ་ར་ཁྲོད་གནང་བ་དང་འབྲེལ་ དཔོན་རིགས་རྣམ་གཉིས་ཀྱི་མཇལ་མོལ་གནང་བའི་རིང་ཡུལ་གྲུ་གཉིས་དབར་མཐུན་མོང་གི་ཁེ་ཕན་དང་མངའ་ཁུལ་གྱི་བརྟན་ལྷིང་སོགས་ཀྱི་ཆེད་ཡུལ་གཉིས་ཀྱི་འབྲེལ་ལམ་རྒྱུན་ལྡན་ཅན་དུ་འགྱུར་རྒྱུར་འབད་བརྩོན་གནང་རྒྱུ་མ་ཟད་དཔོན་རིགས་རྣམ་གཉིས་དབར་མ་འོངས་དུས་ཡུན་རིང་ཙམ་གྱི་མཇལ་འཕྲད་གནང་རྒྱུའི་གོ་སྐབས་སྐྲུན་ཐབས་གནང་རྒྱུ་ཡང་བཀའ་མོལ་གནང་ཡོད་པ་གསུངས་འདུག ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་ཉི་ཧོང་གི་སྲིད་བློན་ནས་རྒྱ་ནག་གི་སྲིད་བློན་དང་མཇལ་འཕྲད་གནང་བའི་སྐབས་རྒྱ་ནག་གཞུང་གིས་དེང་སྐབས་སང་ག་ཁུ་མཚོ་འམ་ཏེའོ་ཡུད་མཚོ་གླིང་ཚུད་པའི་ཤར་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་དམག་དོན་གྱི་ལས་འགུལ་སྤེལ་བཞིན་པའི་གནད་དོན་ཐོག་ཐུགས་འཚབ་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་འཁོད་འདུག དེ་དང་ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧད་ལེ་རི་ཀི་ལིན་ཀྲོན་མཆོག་གིས་ཀྱང་ རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ཡུལ་ཁག་གི་ཡོངས་ཁྱབ་གསལ་བསྒྲགས་གཞིར་བཟུང་ལག་བསྟར་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད༎