ཨི་ཇིབཊི་གྱི་སྲིད་འཛིན་འོས་བསྡུའི་ནང་བཞེངས་རྒྱུ་མིན།
2011.02.02
༄༅༎ཨི་ཇིབ་ཊ་སྲིད་འཛིན་ཧོ་སི་ནི་མུ་སྦ་རཀ་གིས་ཁ་ས་བརྙན་འཕྲིན་བརྒྱུད་རྒྱལ་ཡོངས་གསུང་འཕྲིན་ནང་ ཁོང་ཕྱིས་འབྱུང་འོས་བསྡུའི་ནང་བཞེངས་ཀྱི་མིན་གསུངས་པའི་བཀའ་མོལ་གྱི་རྗེས་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་དང་ ངོ་རྒོལ་གནང་མཁན་མང་ཚོགས་ནས་ཁོང་གི་བཀའ་མོལ་ལ་ཡིད་ཆེས་ཐུབ་རྒྱུ་མེད་ལ་ཁོང་འཕྲལ་མ་ཉིད་དུ་དགོངས་ཞུ་དགོས་ཀྱི་ཡོད་ཅེས་མུ་འཐུད་ངོ་རྒོལ་བྱེད་བཞིན་ཡོདཔ་རེད།
དགུང་གྲངས་༨༢་ལ་ཕེབས་པའི་ཨི་ཇིབ་ཊ་གི་སྲིད་འཛིན་ཧོ་སི་ནི་མུ་སྦ་རཀ་གིས་འདས་པའི་ལོ་ངོ་༣༠འི་རིང་མི་གཅིག་དབང་འཛིན་ལ་ འདས་པའི་གཟའ་འཁོར་ནང་མང་ཚོགས་ཀྱི་ངོ་རྒོལ་བྱུང་སྟེ་ཁ་ས་མང་ཚོགས་ས་ཡ་བརྒལ་བས་རྒྱལ་ས་ཁའེ་རོའོ་གཙོ་བོར་གྱུར་བའི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་མུ་མཐུད་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་
སྲིད་འཛིན་མུ་སྦ་རཀ་གིས་ཨི་ཇིབ་ཊ་འདི་ངའི་ལུང་པ་ཡིན། ངས་རྒྱལ་ཁབ་འདིར་སྡོད་ཀྱི་ཡོད་ལ་ ད་བར་རྒྱལ་ཁབ་འདིའི་ཁེ་དབང་དང་རང་དབང་ལ་འཐབ་རྩོད་ཀྱིས་སྲུང་སྐྱོབ་བྱས་པ་ཡིན། མཐའ་མ་ང་འཆི་བ་ཡིན་རུང་རྒྱལ་ཁབ་འདིའི་ས་ཐོག་ལ་འཆི་ཀྱི་ཡིན་ཞེས་བཀའ་མོལ་ཞིག་གསུངས་ཡོད་པ་རེད། འོན་ཀྱང་མང་ཚོགས་ངོ་རྒོལ་གནང་མཁན་ཚོས་ཁོང་དགོངས་པ་མ་ཞུས་ཀྱི་བར་ངོ་རྒོལ་གནང་གི་ཡིན་ཞེས་ དཔེར་ན་ཁ་ས་དགོངས་དྲོ་སྲིད་འཛིན་གྱི་གསུང་བཤད་ཀྱི་རྗེས་སུ་ངོ་རྒོལ་གནང་མཁན་མང་ཚོགས་སྟོང་ཕྲག་གཉིས་ཙམ་གྱིས་མཚན་མོ་རང་གི་ཁྱིམ་ལའང་མ་ལོག་པར་མཚན་སྒང་རྒྱལ་ས་ཁའེ་རོའི་ཊའ་རིར་ཐང་ཆེན་གྱི་ནང་ངོ་རྒོལ་བྱས་ནས་སྡོད་ཡོད་པ་རེད༎