འདི་ཚེས་༣ཉིན་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༢༣ལོའི་རྒྱལ་སྤྱིའི་ནང་གི་གསར་འགོད་རང་དབང་ཐད་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་ནི་རྒྱལ་སྤྱིའི་ནང་ནས་གསར་འགོད་རང་དབང་མེད་པའི་གནས་སྟངས་སྐྱོ་ཤོས་དང་སྡུག་ཤོས་ཨང་གཉིས་པ་ཡིན་པ་ཐེར་འདོན་དང་མཉམ། སྔ་ལོ་སྐྱོ་ཤོས་ཨང་༥ནས་ད་ལོ་ད་དུང་སྡུག་ཏུ་སོང་པ་བཀོད་འདུག
དེའི་ཐད་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱུ་མཚན་སོགས་འདྲི་རྩད་ཞུས་པར། ལྷན་ཚོགས་དེའི་ཤར་ཨེ་ཤེ་ཡའི་འགན་འཛིན་ (Cedric Alviani)་ལགས་ཀྱིས་ཡིག་ཐོག་བཀའ་གནང་བའི་ནང་། འདས་པའི་ལོ་ཤས་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གསར་འགོད་རང་དབང་ལ་བརྒྱ་ཆ་བརྒྱ་སྟངས་འཛིན་བྱེད་མཁན་བྱང་ཀོ་རི་ཡ་དང་འདྲ་མཚུངས་བྱས་ཡོད་པ་དང་། རྒྱ་ནག་ནི་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱས་བ་མང་ཤོས་ཀྱི་རྒྱལ་ཁབ་དེ་རེད་ལ། ད་ལྟའི་ཆར་རྒྱ་ནག་ནང་གསར་འགོད་པ་༡༡༤ཙམ་བཙོན་འཇུག་བྱས་ཡོད་སྟབས། རྒྱ་ནག་རྒྱལ་སྤྱིའི་ནང་ནས་གསར་འགོད་རང་དབང་སྐྱོ་ཤོས་ཨང་གཉིས་པ་དེ་ཆགས་ཡོད་པ་དང་། འདས་པའི་ལོ་ངོ་༢༡རིང་གསར་འགོད་རང་དབང་ཐད་སྙན་ཐོ་བཏོན་འགོ་བཙུགས་པ་ནས་བཟུང་ད་བར་རྒྱ་ནག་གི་གསར་འགོད་རང་དབང་གནས་བབ་སྐྱོ་ཤོས་སུ་ཡོད་པ་གསལ་འདོན་བྱས་བྱུང་།
དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབུ་ཁྲིད་པའི་སྲིད་གཞུང་གིས་མི་མང་ས་ཡ་མང་པོ་རྒྱལ་ཁབ་ཀྱི་ཕྱི་ལ་གཏོང་གི་མེད་ལུགས་སི་པན་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(Safeguard Defenders)་ཞེས་པས་ཕྱི་ཚེས་༡ཉིན་བཏོན་པའི་སྙན་ཐོའི་ནང་བཀོད་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།