༄༅༎བལ་ཡུལ་གྱི་སྲིད་འཛིན་རམ་སྦ་རན་ཡ་རྡེབ་ཀྱིས་ཡུལ་གྱི་སྲིད་དོན་ཤོག་ཁག་ཚོས་ཆབ་སྲིད་ཀྱི་དབང་ཆར་འཐབ་རྩོད་བྱ་རྒྱུ་གཙོ་བཟུང་བྱས་པ་ལས་ ཡུལ་གྱི་ཞི་འགྲིག་ལས་དོན་དང་རྩ་ཁྲིམས་གསར་པ་ཟིན་བྲིས་ལས་དོན་མཇུག་སྐྱོང་བྱ་རྒྱུར་ཤུགས་སྣོན་བསྐྱོན་གྱི་མེད་པར་ ཐུགས་ཕམ་ཡོད་ལུགས་གསུངས་ཡོད་འདུག
ཁོང་གིས་གོང་ཞུས་དགོངས་ཚུལ་འདི་དེ་རིང་བལ་ཡུལ་གྱི་རྒྱལ་ལ་ཀ་ཏ་ན་གྲུའི་ནང་གསར་འགོད་ཚོགས་ཆུང་ལ་བཀའ་མོལ་གནང་བའི་ནང་ གསུངས་ཡོད་པ་དང་ ཡུལ་ནང་རྒྱལ་པོའི་རིང་ལུགས་མེད་པ་གྱུར་བའི་རྗེས་གཞུང་འཛིན་སྲིད་དོན་ཚོགས་པ་ཁག་གསུམ་ བྱུང་ཡོད་ནའང་ ད་བར་སྲིད་གཞུང་གང་ཞིག་ནས་ཀྱང་ཞི་འགྲིག་གི་ལས་དོན་དང་ རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་ལས་དོན་མཇུག་སྐྱོང་གི་འགན་འཁུར་ཐུབ་མེད་པ་དང་ འདི་ནི་སྲིད་དོན་ཚོགས་ཁག་ཆེ་བ་ཚོས་གཞུང་འཛིན་དབང་ཆ་བཟུང་རྒྱུར་གཙོ་བཟུང་གིས་འཐབ་རྩོད་བྱས་པ་ལས་ཞི་འགྲིག་གི་ལས་དོན་མཇུག་སྐྱོང་ལ་འགན་འཁུར་གནང་གི་མེད་པའི་སྐྱོན་བརྗོད་གནང་ཡོད་པ་རེད་
ཡང་སྲིད་འཛིན་ར་མ་སྦ་རན་ཡ་རྡེབ་ཀྱིས་བལ་ཡུལ་གྱི་ལྷོ་ཁུལ་མཧ་རྡེ་ཤེའི་སྲིད་དོན་ཚོགས་ཁག་ཚོར་ཡང་ཡུལ་གྱི་སྲིད་དོན་ཚོགས་ཁག་ཆེ་བ་གསུམ་དང་མཚུངས་པ་ བརྩི་འཇོག་དགོས་པ་དང་ ཡུལ་གྱི་སྲིད་དོན་ཚོགས་ཁག་ཆེ་བ་གསུམ་གཅིག་པུས་རྒྱལ་ནང་མང་ཚོགས་ཀྱི་བསམ་ཚུལ་མཚོན་གྱི་མ་རེད་ཅེས་གསུངས་ཡོད་པ་རེད་
བལ་ཡུལ་ནང་རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་དུས་བཀག་ཐེངས་གཉིས་ཕར་འགྱངས་གནང་ཡོད་ཀྱང་སྲིད་དོན་ཚོགས་ཁག་གི་དབར་ད་ལྟའང་དུས་བཀག་ནང་ཚུད་རྩ་ཁྲིམས་གསར་པའི་ཟིན་བྲིས་གཏན་འབེབས་ཐུབ་མིན་བརྗོད་དཀའ་བ་ཞིག་ཏུ་གྱུར་ཡོད་པ་རེད་