ཞི་ཅིང་པིན་གྱི་དབང་ཚད་དང་ཆབ་སྲིད་ཀྱི་ལྟ་གྲུབ་གསར་པ།
2017.10.20
༄༅། །དེང་སྐབས་ཚོགས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་༡༩པའི་ཐོག་སྲིད་འཛིན་ཞི་ཅིང་པིན་གྱིས་རང་ཉིད་ཀྱི་དབང་ཚད་ཆེ་རུ་གཏོང་ཐབས་སུ་ཆབ་སྲིད་ཀྱི་ལྟ་གྲུབ་གསར་པ་ཞིག་སྐྲུན་ཐབས་བྱེད་བཞིན་ཡོད་པ་རེད།
ཚོགས་ཆེན་ཐོག་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་ཞི་ཅིང་པིན་གྱི་ལྟ་གྲུབ་ཞེས་ཡང་ཡང་བརྗོད་བཞིན་ཡོད་པ་དང་། བདུན་ཕྲག་རྗེས་མར་ཚོགས་ཆེན་མཇུག་སྒྲིལ་མ་ཟིན་གོང་རྒྱ་ནག་དམར་ཤོག་ཚོགས་པས་ཚོགས་པའི་རྩ་ཁྲིམས་ནང་ཞི་ཅིང་པིན་གྱི་ལྟ་གྲུབ་གསར་འཇུགས་བྱ་རྒྱུའི་ཚོད་དཔག་ཕྱོགས་ཡོངས་ནས་བྱེད་བཞིན་འདུག
དེ་ལྟར་བྱས་ཚེ་ཞི་ཅིང་པིན་གྱི་དབང་ཚད་དེ་སྔར་གྱི་རྒྱ་ནག་གི་འགོ་ཁྲིད་མའོ་རྩེ་ཐུང་དང། ཏིང་ཞའོ་ཕིང་དང་གཅིག་མཚུངས་ཆགས་རྒྱུ་ཡིན་པ་དང། འབྱུང་འགྱུར་དམར་ཤོག་ཚོགས་པའི་ནང་གཞན་སུ་ཞིག་གིས་ཞི་ཅིང་པིན་ལ་ཁ་བཏད་བཅོག་མ་ཐུབ་པའི་གནས་སྟངས་ཆགས་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་སྔོན་དཔག་གནང་བཞག རེས་གཟའ་ལྷག་པའི་ཉིན་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་༡༩པ་འགོ་འཛུགས་ཀྱི་གཏམ་བཤད་དེ་སྲིད་འཛིན་ཞི་ཅིང་པིན་གྱིས་ཆུ་ཚོད་གསུམ་རིང་བཤད་ཡོད་པ་དང། ཚོགས་ཆེན་གྱི་ཉིན་གཉིས་པར་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གིས་ཞི་ཅིང་པིན་གྱི་དུས་རབ་གསར་པར་དམིགས་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་བསྔགས་བརྗོད་རྒྱ་ཆེ་བྱས་ཡོད་པ་རེད།
ཕྱོགས་མཚུགས་ཁ་སང་ཚོགས་ཆེན་གྱི་ཉིན་གཉིས་པར་རྒྱ་ནག་གཞུང་གིས་འདེམས་སྒྲུག་བྱས་པའི་གསར་འགོད་པ་ཁག་ཅིག་ལ་སྔ་ཐོག་མི་མང་ཚོགས་ཁང་ཆེན་མོའི་ཁྱམ་རྭའི་ནང་དམར་ཚོགས་པའི་ཚོགས་མི་ཚོར་དྲི་བ་དྲི་ཡག་གི་གསར་འགོད་ལྷན་ཚོགས་ཀྱི་དུས་ཚོད་བཟོས་ཡོད་པ་དེ་ནི་དེ་སྔོན་བྱུང་མྱོང་མེད་པ་ཞིག་ཡིན་ནའང་། དོན་དངོས་རྒྱ་ནག་གི་དྲིལ་བསྒྲགས་ཁོ་ནའི་ཆེད་ཡིན་པ་མངོན་གསལ་འདོད་པོ་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།