རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་ཀྱི་འཕེལ་རིམ་གསར་པ་ཞིག་སྒོ་ཕྱེ་ཡོད།
2018.09.26
ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ལྟེ་གནས་(Vatican)་དང་རྒྱ་ནག་གཞུང་གཉིས་དབར་ཆོས་དཔོན་བསྐོ་བཞག་བྱེད་ཕྱོགས་ཐད་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མཐུན་བཞག་པའི་རྗེས་སུ། ཡེ་ཤུའི་བླ་ཆེན་(Pope)མཆོག་གིས་འདས་པའི་དུས་སུ་མ་མཐུན་པའི་འགལ་ཟླ་ཁག་རྒྱབ་ལ་བཞག་ནས་ཆོས་ལུགས་ཀྱི་འཕེལ་རིམ་པ་གསར་པ་ཞིག་སྒོ་ཕྱེ་དགོས་སྐོར་འདི་ཚེས་༢༦་ཉིན་རྒྱ་རིགས་ཡེ་ཤུའི་རྣམ་དག་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོར་འབོད་སྐུལ་གནང་འདུག
ཡེ་ཤུའི་བླ་ཆེན་(Pope Francis) མཆོག་གིས་རྒྱ་ནག་ནང་ཡེ་ཤུའི་རྣམ་དག་ཆོས་ལུགས་ལ་དད་གུས་ཡིད་ཆེས་བྱེད་མཁན་རྒྱ་མི་ཚོ་མཐུན་སྒྲིལ་ཡོང་ཆེད་དམིགས་ནས་ཕྱག་བྲིས་ཤིག་གནང་སྟེ་འདས་པའི་དུས་སུ་མ་མཐུན་པའི་འགལ་ཟླའི་རྨ་ཁ་གསོས་སྟེ་ཡེ་ཤུའི་ཆོས་ལུགས་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་ནི་གཟའ་སྤེན་པའི་ཉིན་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ལྟེ་གནས་ཝ་ཀྲི་ཀན་དང་རྒྱ་ནག་གཞུང་གཉིས་དབར་རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་བསྐོ་བཞག་བྱེད་ཕྱོགས་ཐད་གྲོས་མཐུན་བཞག་པའི་རྗེས་སུ་གནང་བ་ཞིག་ཡིན་པ་དང་། གྲོས་མཐུན་དེས་འདས་པའི་ལོ་མང་རིང་ཡེ་ཤུའི་བླ་ཆེན་གྱི་ཆོག་མཆན་མེད་པར་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་བདུན་གྱི་གནས་བབ་གཏན་འཇགས་བཟོ་རྒྱུ་དང་། མ་འོངས་པར་རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་གསར་པ་བསྐོ་བཞགས་ཀྱི་བརྒྱུད་རིམ་སྐོར་གྲོས་མོལ་མུ་མཐུད་གནང་རྒྱུའི་སྐོར་ཡིན་པ་རེད།
རྒྱ་ནག་ནང་ཡེ་ཤུའི་རྣམ་དག་ཆོས་ལུགས་ལ་དད་གུས་བྱེད་མཁན་རྒྱ་རིགས་ས་ཡ་༡༢་ཙམ་ཡོད་པ་དེ་དག་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱས་པའི་(Chinese Catholic Patriotic Association)ཞེས་པའི་ཚོགས་པ་དང་། འདས་པའི་དུས་ཡུན་ནང་ཡེ་ཤུའི་བླ་ཆེན་པོབ་ལ་བློ་ཐག་ཉེ་པོ་བྱེད་མཁན་གསང་བའི་ཆོས་ཚོགས་ཁག་གཉིས་སུ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡེ་ཤུའི་བླ་ཆེན་པོབ་ལ་དད་གུས་བྱེད་མཁན་ཆོས་དཔོན་དང་ཆོས་སྡེ་ཁག་གི་ཚོགས་མི་རྣམས་འཛིན་བཟུང་བཀག་ཉར་དང་། བསུན་བཙིར་བརྙས་བཅོས་བཏང་ཡོད་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།