རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་སྟོབས་ཤུཌ་ལ་སེམས་འཚབ།
2010.06.18
༄༅༎རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེས་ཨ་རི་དང་ཡོ་རོབ་ཉི་ཧོང་སོགས་མང་ཚོགས་ཚོས་སེམས་འཚབ་ཡོད་པའི་བསམ་ཚུལ་བཏོན་ཡོད་པ་རེད་
པི་ཨི་ཌབ་ལུ་ཞེས་པའི་ཉམས་ཞིབ་ལས་ཁང་གིས་རྒྱལ་ཁབ་ཉི་ཤུ་རྩ་གཉིས་ནང་གི་མི་མང་ཁྲི་གཉིས་དང་བཞི་སྟོང་ལྷག་ཙམ་གྱི་བསམ་ཚུལ་བསྡུ་ལེན་བྱས་པའི་སྙན་ཐོ་ཞིག་གཟའ་ཕུར་བུའི་ཉིན་འགྲེམས་སྤེལ་བྱས་ཡོད་པའི་ནང་ བསམ་ཚུལ་བསྡུ་ལེན་བྱེད་སའི་ཡུལ་གྲུའི་དེ་དག་ཁྲོད་ནས་པ་ཀི་སི་ཐན་དང་ཀེན་ཡ་ ནའེ་ཇེ་རི་ཡ་སོགས་ཡུལ་གྲུ་ཁག་ཅིག་ནང་བསམ་ཚུལ་བསྡུ་ལེན་བྱས་པའི་འབྲས་བུར་རྒྱ་ནག་ལ་གདེང་འཇོག་བཟང་པོ་ཡོད་པའི་བསམ་ཚུལ་བཏོན་མཁན་མང་བ་བྱུང་ཡོད་པ་དང་ ཡིན་ནའི་ཨ་རི་དང་ཡོ་རོབ་ ཉི་ཧོང་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་མི་མང་ཚོར་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་ཉེན་ཚབས་བཟི་སྲིད་པའི་བསམ་ཚུལ་བརྗོད་མཁན་ཉི་ཧོང་ནང་བསམ་ཚུལ་བསྡུ་ལེན་བྱས་པའི་མིའི་གྲངས་འབོར་གྱི་བརྒྱ་ཆ་༦༩ཟིན་ཡོད་པ་དང་ ཀྲར་ཀི་དང་བྱར་མ་ནི་ནང་བརྒྱ་ཆ་༦༡་༥༨ཟིན་ཡོད་ཅིང་ ཕེ་རན་སི་དང་ལྷོ་ཀོ་རི་ཡ་ རྒྱ་གར་ནང་བརྒྱ་ཆ་༥༠ནས་༥༦ཟིན་ཡོད་པ་དང་ ཨ་རིའི་ནང་བརྒྱ་ཆ་༤༧ཟིན་ཡོད་པ་བཀོད་ཡོད་པ་རེད་ བསམ་ཚུལ་བསྡུ་ལེན་བྱེད་སའི་ཡུལ་གྲུའི་ནང་ནས་རྒྱ་གར་གྱི་བསམ་ཚུལ་བསྡུ་ལེན་བྱེད་མི་མང་ཆེ་བས་རྒྱ་ནག་དེ་བཞིན་རྒྱ་གར་གྱི་དགྲ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ ཡིན་ནའི་རྒྱ་གར་གྱི་ཁྱིམ་མཚེས་པ་ཀི་སི་ཐན་ནང་བསམ་ཚུལ་བསྡུ་ལེན་བྱེད་མི་མང་པོས་རྒྱ་ནག་དེ་བཞིན་ཁོང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་ ཨ་རིའི་ནང་བསམ་ཚུལ་བསྡུ་ལེན་བྱེད་སའི་མིའི་གྲངས་འབོར་གྱི་བརྒྱ་ཆ་༢༥ཙམ་གྱིས་རྒྱ་ནག་དང་ཨ་རི་གཉིས་མཉམ་ལས་ཀྱི་འབྲེལ་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ བརྒྱ་ཆ་༡༧ཙམ་གྱིས་རྒྱལ་ཁབ་གཉིས་དབར་དགྲ་ཁ་གཏད་ཀྱི་འབྲེལ་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།