བཙན་བྱོལ་བོད་མིའི་སྐོར་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ།

བོད་མི་བཙན་བྱོལ་དུ་བྱོར་ནས་མི་ལོ་༥༠འཁོར་བ་ཞེས་པའི་བཙན་བྱོལ་བོད་མིའི་སྐོར་འགྲེམས་སྟོན་ཞིག་རྒྱ་གར་གྱི་ཨོ་རི་ས་མངའ་སྡེར་དབུ་འབྱེད།

༄༅༎རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨོ་རི་སིའི་རྒྱལ་ས་སྦུ་སྦ་ནེ་སི་ལྦར་ནས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་རྡ་པ་ཡོ་ནིཡར་(The Pioneer)གྱིས་ ཟླ་བ་འདིའི་ཚེས་༡༡ཉིན་སྤེལ་བའི་གནས་ཚུལ་ལྟར་ན་ མངའ་སྡེའི་རྒྱལ་སའི་ནང་གི་ལེགས་སྦྱར་གྱི་གཙུག་ལག་སློབ་གྲའི་ནང་ཁ་ས་(Tibetan journey into exile)འམ་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་བོད་མིའི་དབུ་ཁྲིད་ཏྰ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠འཁོར་བ་ཞེས་པའི་བཙན་བྱོལ་བོད་མིའི་སྐོར་འགྲེམས་སྟོན་ཞིག་ནང་པའི་དགེ་སློང་ས་རྡ་ཐི་ས་ཐ་རེ་ཞུ་བས་དབུ་འབྱེད་གནང་ཡོད་པ་རེད།

འགྲེམས་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་གཙུག་ལག་སློབ་གྲའི་ཉེ་བའི་རིགས་བདག་ཟུར་པ་མཆོག་ཕེབས་ཡོད་པ་དང་ འགྲེམས་སྟོན་གོ་སྒྲིག་གནང་མཁན་ནི་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་པ་རེད་ འགྲེམས་སྟོན་དེའི་ནང་གཙོ་བོ་བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་དང་བོད་མིའི་རྩ་དོན་སླད་དུ་བློས་བཏང་དང་ ལེགས་སྐྱེས་སུ་གཏོང་གནང་མཛད་པའི་མཛད་པ་འཕྲིན་ལས་སྐོར་དང་ རྒྱ་གར་གྱི་ས་གནས་གང་སར་གནས་པའི་བཙན་བྱོལ་བོད་མི་ཚོའི་མི་ཚེ་སྐྱེལ་སྟངས་མཚོན་པའི་སྤྱི་ཚོགས་དང་ རིག་གཞུང་གི་ཁྱད་ཆོས་སོགས་བཏོན་ཡོད་པ་རེད་ འགྲེམས་སྟོན་ནང་མངའ་སྡེའི་སྲིད་དོན་པ་དང་གཙུག་ལག་སློབ་གྲའི་སློབ་དཔོན་དང་མཁས་དབང་ སློབ་ཕྲུག་ཚོས་བལྟ་བར་བཅར་ཏེ་དགའ་ཞིང་མགུ་བའི་བཅོས་མིན་རྣམ་འགྱུར་འགྲེམས་སྟོན་བྱས་ཡོད་པ་རེད་ བོད་མི་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་༥༠འཁོར་བའི་འགྲེམས་སྟོན་གོ་སྒྲིག་གནང་མཁན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་རྡི་པཀ་ཀུ་མར་མོ་ཧནཏ་མཆོག་གིས་འགྲེམས་སྟོན་དེའི་བརྒྱུད་བོད་དང་བོད་མིར་རང་དབང་རང་བཙན་འཐོབ་པའི་ཕྱིར་ རྒྱ་གར་གྱི་མི་མང་ཚོའི་རྒྱབ་སྐྱོར་གང་མང་གསོག་འཇོག་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།