ཕི་ལི་པིན་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིགས།
2011.08.31
༄༅༎ཕི་ལི་པིནསི་སྲིད་འཛིན་སྦེ་ནིག་ནོ་ཨ་ཀི་ནོ་མཆོག་རྒྱ་ནག་ཏུ་གཟིགས་སྐོར་གནང་སྐབས། ཁོང་གི་རྒྱལ་ཁབ་ནང་ཚོང་ལས་ཐོག་མ་རྩ་འཛུགས་མཁན་ལ་དགའ་བསུ་ཡོད་ཅེས་གསུངས་ཏེ། ཕི་ལི་པིནསི་ནང་ཡུལ་སྐོར་སྤྲོ་འཆམ་དང༌། སོ་ནམ་ཞིང་ལས། གཞུང་ལམ་གསར་བཟོ་བཅས་ཀྱི་གཞི་ཡུལ་ནང་རྒྱ་ནག་གི་མ་རྩ་འཛུགས་མཁན་ཚོ་ཡོང་རྒྱུའི་རེ་བ་གནང་འདུག།
སྲིད་འཛིན་ཨ་ཀི་ནོ་ཡིས་ ཕི་ལིན་པིནསི་ཡུལ་ནང་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་དམ་བཅའ་དང་འབྲེལ། ཕྱི་རྒྱལ་གྱི་ཁེ་གཉེར་ལས་ཁང་ཚོར་ཁོང་གི་རྒྱལ་ཁབ་ནང་ཚོང་ལས་ཁག་གི་ནང་མ་རྩ་འཛུགས་སྐབས་དྲང་པོ་གང་ཐུབ་ཐུབ་གནང་རྒྱུའི་ཁས་ལེན་ཡང་གནང་བཞག།
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་མིའི་ཚོང་པའི་ལྷན་ཚོགས་ཤིག་གི་ཐོག་ཕི་ལིན་པིན་སྲིད་འཛིན་མཆོག་གིས་མ་རྩ་འཛུགས་མཁན་ཚོ་ད་ནས་བཟུང་ཁོང་གི་ཡུལ་ནང་ཚོང་ཁང་གསར་འཛུགས་བྱ་སྐབས་སྟག་སྒོ་འགྲིམ་མི་དགོས་པ་བཟོས་གནང་རྒྱུ་དང༌། ཁྲིམས་ལུགས་གཞིར་བཟུང་ལས་དོན་གནང་སྟེ་ཕྱིའི་ཁེ་གཉེར་ལས་ཁང་ཁག་ལ་ཚོང་ལས་བྱེད་བདེ་བའི་ཁོར་ཡུག་བཟང་པོ་སྐྲུན་རྒྱུ་ཡིན་སྐོར་གསུངས་འདུག།
ཕི་ལི་པིནསི་ཡིས་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་བཙན་འཛུལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་འདིར་། ཡུལ་དེའི་སྲིད་འཛིན་རྒྱ་ནག་དུ་ཉིན་ལྔའི་རིང་གི་གཟིགས་སྐོར་གནང་བར་ཕེབས་ཡོད་པ་དང༌། ཁོང་གི་གཟིགས་སྐོར་དེ་རེས་གཟའ་སྤེན་པའི་ཉིན་མཇུག་སྒྲིལ་གནང་གི་ཡོད་པ་རེད།
དེ་རིང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ ཧུ་ཅིང་ཏའོ་དང་མཇལ་འཕྲད་གནང་བའི་སྐབས་སུ་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞིའི་སྐོར་གྲོས་མོལ་གནང་སྲིད་རྒྱུ་ཡིན་ནའང༌། གཙོ་བོ་རྒྱལ་ཁབ་གཉིས་དབར་དཔལ་འབྱོར་གྱི་འབྲེལ་ལམ་གོང་འཕེལ་གཏོང་ཕྱོགས་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་རེད།