ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕི་ལི་པིནསི་ནང་བོད་དོན་གོ་རྟོགས་ཀྱི་གསུང་བཤད་གནང་ཡོད་པ།

ཟླ་ ༡༠ ཚེས་ ༢༡ ནས་ ༢༦ བཅས་ཉིན་བདུན་ཕྲག་གཅིག་རིང་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་ཉེ་འོང་དོན་གཅོད་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཧྥི་ལི་པིནསི་རྒྱལ་ཁབ་ཏུ་ཕྱོགས་ཕེབས་ཀྱིས། ཧྥི་ལི་པིནསི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ཌེ་རན་ཨ་མེ་ཊོང་ (Adrain Amatong)ལགས་དང་མཇལ་འཕྲད་ཀྱིས། ཕི་ལི་པིནསི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ཌེ་རན་ཨ་མེ་ཊོང་ལགས་སུ་ཉེ་ལམ་ཨ་རིའི་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པ་བཞིན། ཕི་ལི་པིནསི་གྲོས་ཚོགས་ནས་ཀྱང་མ་འོངས་དེ་འདྲ་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟར། སྐུ་ཞབས་ཨེ་ཌེ་རན་ཨ་མེ་ཊོང་ལགས་ནས་བོད་པའི་འཐབ་རྩོད་དེ་བཞིན་རང་དབང་དང་ཞི་བདེའི་རང་བཞིན་ཅན་ཞིག་ཡིན་སྟབས། ཁོང་ནས་བོད་དོན་ཐད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ། ཉི་འོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མ་ཟད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་ཐེ་ལྦན་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཀྱི་སྐུ་ཚབ་སྐུ་ཞབས་ལྦ་ལེ་སི་ཆོའོ་ (Wallace Chow) ལགས་དང་ལྷན། བོད་དང་རྒྱ་ནག དེ་བཞིན་ཐེ་ལྦན་བཅས་ཀྱི་དཀའ་རྙོག་སྐོར་གླེང་སློང་གིས། རྒྱལ་ཁབ་དེ་དག་ནང་གི་དཀའ་རྙོག་མང་དག་ཅིག་སེལ་བ་དེས་ཨེ་ཤེ་ཡ་གཙོས་པའི་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཐུབ་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་བསྡུར་བྱུང་ཡོད་པ་གསུངས་བྱུང་།
གཞན་ཡང་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་ཕི་ལི་པིནསི་རཱ་མོན་མེག་སེ་སེ་གཟེངས་རྟགས་ (Ramon Magsaysay Award) ཐེབས་རྩའི་འགན་འཛིན་སུ་སཱན་ཨ་ཧྥན་ (Susan Afan) ལགས་དང་དྲུང་ཆེ་ཇོའི་སི་ལིན་ཇོའི་ (Joycelyn Joy) ལགས་རྣམ་གཉིས་དང་ཐུག་འཕྲད་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་གལ་གནད་དང་འབྲེལ། མ་འོངས་ཕི་ལི་པིནསི་རྒྱལ་ཁབ་ཏུའང་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་གོ་རྟོགས་གོང་སྤེལ་ཐུབ་རྒྱུའི་གལ་གནད་སྐོར་བཀའ་མོལ་ལྷུགས་པོ་གནང་ཡོད་ཅིང་། ཕི་ལི་པིནསི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གསུམ་གི་དགེ་སློབ་མང་དག་ཅིག་ལ་བོད་ནི་སྔ་མོ་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཐོག་རྒྱ་ནག་གིས་དྲག་གནོན་བྱེད་བཞིན་པའི་སྐོར་སོགས་བོད་དོན་གསུང་བཤད་གནང་ཡོད་པ་དེས། མཐོ་སློབ་དེ་དག་ནང་བོད་དོན་ཐོག་གོ་རྟོགས་སྔར་ལྷག་སྤེལ་ཐུབ་པ་བྱུང་ཡོད་ཅིང་། ཧྥི་ལི་པིནསི་གཞུང་མང་གཉིས་ནས་ཕྱི་ལོ་ ༡༩༥༠ ནས་བཟུང་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་ཞིང་དང་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གྲགས་ཅན་གྱི་རཱ་མོན་མེག་སེ་སེ་གཟེངས་རྟགས་ཕུལ་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་པ་རེད་འདུག
རྩ་བའི་ཉི་འོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་ཐེངས་འདིར་ཕི་ལི་པིནསི་དུ་གཞུ་འབྲེལ་ཕྱོགས་ཕེབས་གནང་བ་ནི་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་ཁོང་ནས་བོད་བརྒྱུད་ནང་བསྟན་ཆོས་ཚོགས་སུའང་ཆེད་ཕེབས་ཀྱིས། ཁོང་ཕི་ལིན་པིནསི་ལ་བཅར་དགོས་པའི་དམིགས་ཡུལ་དང་བོད་བརྒྱུད་ནང་བསྟན་གྱི་དགོས་དམིགས་བཅས་ཀྱི་སྐོར་ལ་གསུངས་བཤད་གནང་ཡོད་པ་སོགས། ཕི་ལི་པིནསི་ཁུལ་དུ་བོད་དོན་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་དང་ལས་དོན་ཚགས་ཚུད་གང་ལེགས་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།