པདྨ་དབྱངས་ཅན་ལགས་ཤེས་རིག་བཀའ་བློན་དུ་བདམས་ཐོན།

0:00 / 0:00

ཁ་ན་ཀྲར་གནས་བཞུགས་འབུམ་རམས་པ་པདྨ་དབྱངས་ཅན་ལགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དུ་བདམས་ཐོན་བྱུང་འདུག

ཚེས༢༡ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་སྲིད་སྐྱོང་མཆོག་གིས་འབུམ་རམས་པ་པདྨ་དབྱངས་ཅན་ལགས་བཀའ་བློན་འོས་མིར་ངོ་སྤྲོད་གནང་ཡོད་པ་དང་།

ངོ་ཡོད་སྤྱི་འཐུས་གྲངས་༤༤ནས་གསང་བའི་འོས་བསྡུ་གནང་སྟེ། འབུམ་རམས་པ་པདྨ་དབྱངས་ཅན་ལགས་ལ་རྒྱབ་སྐྱོར་གནང་མཁན་འོས་གྲངས་ ༢༦ དང་། དགག་བྱ་གནང་མཁན་འོས་གྲངས་ ༡༥ བར་བཞུགས་ ༣ བྱུང་སྟེ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་སྐབས་ ༡༥ པའི་བཀའ་ཤག་གི་བཀའ་བློན་དུ་བདམས་ཐོན་བྱུང་ཡོད།

འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ནི། འབྲུག་གི་རྒྱལ་ས་ཐིམ་པུར་འཁྲུངས། ཕྱི་ལོ་ ༡༩༩༣ ནས་ ༢༠༠༡ བར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཨིན་ཡིག་སློབ་དགེ་གནང་། ཕྱི་ལོ་ ༢༠༠༡ ཟླ་ ༨ ནས་ ༢༠༠༣ ཟླ་ ༥ བར་ལོ་གཉིས་རིང་ཨ་རིར་མཐོ་སློབ་ University of Northern Iowa ཏུ་བསྐྱོད་ནས་ཨིན་ཡིག་སློབ་ཁྲིད་སྐོར་སློབ་སྦྱོང་བྱས་ཏེ་གཙུག་ལག་རམ་འབྱམས་པའི་ MA TESOL ཕྱག་འཁྱེར་ཐོབ། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་འབུམ་རམས་པའི་ཆེད་ལས་སློབ་ཐོན་གནང་། ཕྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་ཕྱིར་རྒྱ་གར་དུ་ཕེབས་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ལོ་གཅིག་ཉམས་ཞིབ་གནང་། ཕྱི་ལོ་ ༢༠༠༨ ལོར་སླར་ཡང་ཨ་རིར་ཕེབས་ནས་ཉམས་ཞིབ་ཀྱི་མཐའ་མའི་ལས་གཞི་མཇུག་སྒྲིལ་ནས ༢༠༠༩ ལོར་བྱང་ཨ་རིའི་མཐོ་སློབ་ University of Northern Iowa ནས་ཤེས་ཡོན་དང་འབྲེལ་བའི་བསླབ་གཞི་དང་སློབ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་འབུམ་རམས་པའི་ཕྱག་འཁྱེར་ཐོབ་ཡོད་པ་རེད་འདུག།

བཀའ་བློན་ལ་འདེམས་ཐོན་བྱུང་བའི་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ཀྱིས ༢༠༠༩ ནས་ ༢༠༡༦ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཨིན་ཡིག་སློབ་དགེ་དང་། སྡེ་ཚན་འགན་འཛིན། སློབ་སྤྱི་གཞོན་པའི་ལས་འཁུར་ཡང་གནང་འདུག