ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ནས་༸གོང་ས་མཆོག་ལ་མཇལ་བཅར་གྱིས་༸གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་གདན་ཞུས་གནང་ཡོད་པ།

ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༦ ཉིན་གྱི་སྔ་དྲོའི་ཕྱོག་ཚུད་ ༨ པ་ཡོལ་ཙམ་ལ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་གནང་སོང་བ་དང་། མཇལ་ཁ་གྲུབ་མཚམས་སུ་འདི་ག་གསར་འགོད་པས་ཁོང་ལ་མཇལ་ཁའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིར་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པར་ཧ་ཅང་དགའ་པོ་བྱུང་ཞིང་། ཐེངས་འདིར་ཁོང་ནས་མོན་ཡུལ་དད་ལྡན་པ་རྣམས་ཀྱི་ཚབ་ཞུས་ཏེ་མགོན་པོ་མཆོག་ནམ་ཞིག་༸སྐུའི་འཕྲོད་བཞེས་དྭངས་སྐྱེས་ལེགས་པར་བྱུང་རྗེས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་དགོངས་སྐོར་ཞུས་པ་བཞིན། མགོན་པོ་མཆོག་གི་ཞལ་བཞེས་ཐོབ་སོང་བ་ནི་མོན་ཡུལ་དད་ལྡན་པ་ཡོངས་ལ་གཏམ་བཟང་གི་གནས་ཚུལ་ཞིག་ཡིན་ཞིང་། དེ་སྔ་༸གོང་ས་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་བསྒྱུར་སྐབས་མོན་ཡུལ་དུ་བཞུགས་ཡོད་པའི་ཁུལ་དེར་ཕོ་བྲང་ཞིག་གསར་འཛུགས་བྱས་ཡོད་པ་དེ། ད་ཆ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཕུལ་ཡོད་ཅེས་གསུངས་བྱུང་། མ་ཟད་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ནས་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། བོད་ཀྱི་འགྲེམས་སྟོན་ཁང་། དེ་བཞིན་བོད་ཀྱི་དཔེ་མཛོད་སོགས་སུ་འཚམས་གཟིགས་སུ་ཕེབས་གནང་སོང་།
ཟླ་བ་འདིའི་ཚེས་ ༧ ཉིན་མོན་ཡུལ་དད་ལྡན་པ་རྣམས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དེར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་པདྨ་མཁའ་འགྲོ་ལགས་ནས་ལྷན་བཞུགས་གནང་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༨ ཉིན་བཞུགས་སྒར་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད་འདུག
རྩ་བའི་ཕྱི་ཟླ་ ༩ པའི་ཚེས་ ༧ ཉིན་མོན་ཡུལ་དད་ལྡན་པ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ཆོ་ག་ནི། གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་བཞིན་གསང་བ་རྒྱ་ཅན་གྱི་མདོའི་ནང་ཚན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་ལ། ཐེངས་འདིར་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཁྲོད་མོན་ཡུལ་དད་ལྡན་པ་ཁྱོན་ ༡༥༠༠ ལྷག་མཉམ་བཞུགས་གནང་གི་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁཉ། བདེ་སྐྱིད་ཀུན་སྒྲོལ།