ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐོག་བོད་མིའི་ཞུ་སྐུལ་ལ་དྭང་ལེན་གནང་པ།
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེལོ་སི་མཆོག་གིས་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐེངས་ ༢༧ ཐོག་ཚོགས་ཞུགས་གནང་ཡོད་ཅིང་། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཆུང་ནས་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་དེའི་ཐོག་ཆེད་བཅར་ཞུས་པ་དེ་ནི་ཨ་རིའི་གཞུང་གི་སྲིད་དོན་ཚོགས་པ་གཉིས་ཀྱི་དབར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་། དེའི་ཛ་དྲག་གི་རང་བཞིན་ཐད་ཅུང་ཟད་ལྟ་ཕྱོགས་དང་ངོས་འཛིན་བྱེད་ཆོག་ལ་ཁྱད་པར་ཡོད་ཀྱང་དོན་དམ་གྱི་གནད་དོན་ཐད་ཨ་མི་རི་ཀའི་གཞུང་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་རང་བཞིན་ཐད་ལ་སྣེ་ཁྲིད་ཀྱིས་ནུས་པ་གང་ཡོད་འདོན་རྒྱུ་ཡིན་པ་གསལ་དོན་གྱི་ཆེད་ཚོགས་འདུར་བཅར་བ་ཡིན་ཞེས་གསུང་འདུག
ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེལོ་སི་མཆོག་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་གལ་ཆེའི་ཚོགས་འདུའི་ཐོག་མཉམ་ཞུགས་ཆེད་ཕེབས་པའི་ཕེབས་ལམ་དུ་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་ཀྱིས་བོད་དོན་ཁོར་ཡུག་གི་ཞུ་གཏུག་ཡིག་ཆ་ཕུལ་ནས་འཚམས་འདྲི་གནང་འདུག་ཅིང་། ལྕམ་ནན་སི་པེལོ་སི་མཆོག་གིས་བོད་ཅེས་གསན་མ་ཐག་བོད་མིའི་སྐུ་ཚབ་སར་ཚུར་ཕེབས་ནས་ཞུ་གཏུག་གི་ཡིག་ཆ་བཞེས་གནང་ཡོད་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་བོད་མིའི་སྐུ་ཚབ་ངོས་ནས་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་དང་དེས་འཛམ་གླིང་ལ་ཕན་ནུས་འབྲེལ་བའི་ཤུགས་རྐྱེན་སྐོར་དང་། བོད་ནང་གི་གནམ་གཤིས་འགྱུར་ལྡོག་ཐད་དེང་གི་ཚན་རིག་པ་ལྷན་དུ་གོ་བསྡུར་གྱིས་ཉམས་ཞིབ་གནང་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་དང་འབྲེལ་བའི་སྲིད་བྱུས་ཇི་འདྲ་ལག་བསྟར་བྱེད་ཀྱང་ལས་དོན་ཚོགས་ཆུང་གི་ནང་ས་གནས་བོད་མི་མཉམ་ཞུགས་བྱེད་འཇུག་སྟེ་གོ་བསྡུར་བྱེད་དགོས་པ་བཅས་ཀྱི་ཞུ་གཏུགས་ལས་འགུལ་སྤེལ་བཞིན་ཡོད་པ་བློ་བཟང་གཡང་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།