བལ་ཡུལ་ནང་བོད་མིས་སླར་ཡང་ཞི་རྒོལ་ལས་འགུལ་སྤེལ་བ།
2008.08.20
༄༅༎བལ་ཡུལ་ནང་ཡོད་པའི་བོད་མི་ཚོས་ཁ་ས་བསྐྱར་དུ་རྒྱ་ནག་གཞུང་ཚབ་ཁང་གི་ཡན་ལག་ལས་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནང་བོད་མི་༢༤༠ཙམ་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་
ཁ་ས་ཕྱི་ཚེས་༡༩འི་ཉིན་རྒྱབ་ཞི་བའི་ངོ་རྒོལ་ནང་ཞུགས་མཁན་བོད་མི་ཚོས་སྤྱི་སྤྱོད་རླང་འཁོར་ཁག་ནང་བལ་ཡུལ་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་བསྐྱོད་དེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་གནང་ཡོད་པ་རེད་ སྐབས་དེར་ས་གནས་ཉེན་རྟོག་མི་སྣ་ཚོར་སྔོན་ཚུད་ནས་གསང་བརྡ་འབྱོར་དེ་ལས་འགུལ་བ་ཚོ་བཀག་སྡོམ་བྱེད་རྒྱུའི་གྲ་སྒྲིགས་ཨང་སར་ངང་གནས་ཐོག་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་བོད་མི་༢༤༠ཙམ་ས་གནས་ཉེན་རྟོག་མི་སྣས་འཇུ་བཟུང་བྱས་པ་དང་བོད་མི་དེ་ཚོའི་ཐོག་ཉེས་རྡུང་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་བོད་མི་ཚོའི་ཐོག་ཚབས་ཆེའི་རྨས་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་བྱུང་མེད་པ་རེད་
བལ་ཡུལ་གྱི་ཉེན་རྟོག་མི་སྣས་བོད་མི་ངོ་རྒོལ་བ་ཚོའི་ཐོག་དྲག་རྩུབ་དེ་ལྟར་བྱེད་པའི་རྒྱབ་ཏུ་རྒྱ་ནག་གཞུང་གིས་གནོན་ཤུགས་ཡོད་པ་ཤོད་མི་དགོས་པ་དང་ལྷག་པར་དུ་ཉེ་ཆར་བལ་ཡུལ་དམར་ཤོག་ཚོགས་པའི་འགོ་ཁྲིད་པར་ཅན་རྡ་བལ་ཡུལ་གྱི་སྲིད་བློན་གསར་པར་བསྐོ་བཞག་བྱས་པ་དང་བལ་ཡུལ་གྱི་གྲོས་ཚོགས་གསར་པའི་ནང་དམར་ཤོག་ཚོགས་པར་རྐུབ་སྟེགས་མང་ཤོས་ཐོབ་པ་སོགས་ཀྱི་གནས་སྟངས་ཀྱི་འོག་ནས་བལ་ཡུལ་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་སྡུག་སྦྱོང་མྱོང་ཤུགས་ཆེ་རུ་འགྲོ་ཉེན་ཡོད་པ་རེད་ཅེས་བརྗོད་འདུག