ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཁེ་ཎ་ཌའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་གནང་མཁན་རྣམ་པར་མཇལ་འཕྲད་གནང་འདུག

ཁེ་ཎ་ཌའི་ནང་གནས་སྡོད་བོད་མི་གཞོན་སྐྱེས་ཁག་ཅིག་གིས་དང་བླངས་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ལས་འགུལ་ཐེངས་ལྔ་པ་དེ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་ནས་སྤྱི་ཟླ་༩་ཚེས་༣༠་ཉིན་འགོ་བཙུགས་གནང་ཡོད་པ་ལྟར། སྤྱི་ཟླ་༡༠་ཚེས་༡་ཉིན་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཉིན་གཉིས་པར་རྒྱང་རྒྱུག་ལས་འགུལ་བ་རྣམ་པ་གཙོས་ས་གནས་བོད་མི་ཁག་ཅིག་གིས་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་(James Maloney)་ལགས་དང་། (Alexis Brunelle) དེ་བཞིན་(Arif Virani)་ལགས་གསུམ་དང་མཇལ་འཕྲད་གནང་ནས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གི་གནས་སྟངས་ཐད་ལ་མུ་མཐུད་དོ་སྣང་ཡོང་བ་དང་། དེ་བཞིན་གྲོས་ཚོགས་ནང་བོད་དོན་སྐོར་མུ་མཐུད་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག ད་རེས་ཁོང་རྣམས་ཀྱིས་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཐུབ་པའི་འབྲེལ་མཐུད་ཀྱི་ལས་དོན་འདི་ནི་གཙོ་བོ་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་ཀྱིས་གོ་སྒྲིག་བརྒྱུད་ནས་བྱུང་བ་ཡིན་འདུག་པས་ཁོང་རྣམས་ཀྱིས་ཁོང་གི་རྒྱབ་སྐྱོར་དང་བོད་དོན་དྲིལ་བསྒྲགས་ལ་ཁ་ཞེ་གཉིས་མེད་ཀྱི་འབད་པ་བྱེད་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག
གོང་ཞུས་རྒྱང་རྒྱུག་ཀྱི་བོད་དོན་ལས་འགུལ་སྤེལ་མཁན་ཚོས་གྲོས་ཚོགས་འཐུས་མི་ཁག་དང་མཇལ་འཕྲད་འགྲུབ་རྗེས་ཕྱི་དྲོ་བར་མུ་མཐུད་དུ་སྤྱི་ལེ་༥༠རྒྱང་རྒྱུག་གནང་འདུག་ལ། ཁོང་རྣམས་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེའི་ཉིན་གྲངས་དང་པོ་དང་གཉིས་པའི་རིང་ལ་ཞལ་ལག་གྲ་སྒྲིག་དང་སྣེ་ལེན་བཅས་ཀྱི་རྒྱབ་སྐྱོར་ཀྱི་ལས་དོན་ས་གནས་ཀྱི་(Ottawa)་བོད་རིགས་ཚོགས་པ་དང་། ལྷག་པར་དུ་བསྟན་འཛིན་ཚེ་རིང་གཙོས་བྱས་པའི་ས་གནས་བོད་མི་ཁག་ཅིག་གིས་གནང་འདུག་པར་འབྲེལ་ཡོད་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བའི་ནང་གསལ་འདུག
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།