བོད་མི་༡༥༠ལྷག་གིས་དར་རྒྱས་གླིང་ནས་ས་ལུ་སྒར་བར་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་འདུག

རྒྱ་གར་བྱང་ཤར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་རུབ་ཀྱིས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་དར་རྒྱས་གླིང་ནས་ས་ལུ་སྒར་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འགོ་ཚུགས་གནང་སོང་།

བོད་མི་༡༥༠ལྷག་གིས་དར་རྒྱས་གླིང་ནས་ས་ལུ་སྒར་བར་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་ཚོ། ༠༣།༠༧།༢༠༢༢ བློ་བཟང་། /RFA

ཀ་རྡོར་སྒང་གསུམ་གཙོས་རྒྱ་གར་བྱང་ཤར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་རུབ་ཀྱིས་གསུམ་བཅུ་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན། འདི་ཚེས་༧་ཉིན་དར་རྒྱས་གླིང་ནས་ས་ལུ་སྒར་བར་ཞི་བའི་གོམ་བགྲོད་ལས་འགུལ་འགོ་བཙུགས་ཡོད་པ་དང་། ལས་འགུལ་དེ་ནི་བོད་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང་། བོད་ཀྱི་རིག་གཞུང་རྩ་གཏོར་དང་། ལྷག་པར་དུ་བོད་མི་མང་པོ་ཞིག་ཉེས་མེད་བཙོན་འཇུག་དང་ཚེ་སྲོག་ཤོར་བ་སོགས་ཀྱི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེས་མཚོན་ཆེད་དང་། གནས་ཚུལ་དེ་དག་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་ཡོང་ཆེད་ཡིན་པ་ཀ་ལོན་སྦུག་ས་གནས་གཞོན་ནུའི་ཚོགས་གཙོ་སྦྱིན་པ་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
ཐེངས་འདིའི་ལས་འགུལ་ནང་ཕོ་མོ་དང་རྒན་གཞོན་མི་གྲངས་༡༥༠་ལྷག་མཉམ་ཞུགས་གནང་ཡོད་པ་དང་། ལས་འགུལ་སྐབས་ལམ་བར་དུ་རྒྱ་གར་ཡུལ་མི་དང་། ལྷག་པར་དུ་མི་མང་འདུ་འཛོམས་ཆེ་བའི་ས་གནས་ཁག་ནང་བོད་ནང་གི་དཀའ་སྡུག་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཤོག་བྱང་འགྲེམས་སྤེལ་བྱེད་ཞོར་སྤྱི་ཟླ་༣པའི་ཚེས་༡༠་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༣ པའི་ཉིན་ས་ལུ་སྒར་དུ་འབྱོར་ཐུབ་པ་བྱས་ནས་རྔམ་སྟོན་སྐད་འབོད་དང་མར་མེ་ཁྲོམ་སྐོར་སོགས་བྱ་གཏན་འཁེལ་ཡོད་འདུག
སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དཔལ་འབར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། ཁོང་ཚོ་ད་ལྟ་གུམ་ཞེས་པའི་ས་གནས་སུ་འབྱོར་ཡོད་པ་དང་། ལམ་བར་དུ་རྒྱ་གར་ཡུལ་མི་མང་པོ་ཞིག་ལ་བོད་དོན་དང་འབྲེལ་བའི་ཤོག་བྱང་འགྲེམས་སྤེལ་དང་། བོད་དོན་ངོ་སྤྲོད་སོགས་བྱེད་རྒྱུའི་གོ་སྐབས་བྱུང་བ་གསུངས་བྱུང་།
སྤྱིར་སྟངས་ད་ལྟའི་ཆར་རྒྱ་གར་ནང་འོས་བསྡུའི་གྲངས་ཐོ་གསལ་བསྒྲགས་བྱེད་པའི་དུས་ཚེས་ལ་འཁེལ་ནས་མི་མང་འདུ་འཛོམས་བྱེད་པར་ཚོད་འཛིན་ཡོད་མོད། ཐེངས་འདིར་ཉིན་བཞིའི་གོམ་བགྲོད་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་ཐད་དབུས་དང་མངའ་སྡེ་གཞུང་གིས་དགག་བྱ་གང་ཡང་གནང་མེད་པ་རེད་འདུག

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org