༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ།

2024.05.08
༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ། ༸གོང་ས་མཆོག་ལ་པི་ཝི་ན་སི་མ་རའོ་དྲན་རྟེན་གྱི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྐབས། ༢༠༢༤།༠༥།༠༨ ཉིན།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་དང་། ཞི་བདེའི་མཚོན་རྟགས་ལ་ངོས་འཛིན་གནང་མུས་ལྟར། འདི་ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་གྱི་སྲིད་བློན་ཟུར་པ་དང་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ Bharat Ratna བཞེས་མྱོང་མཁན་སྐུ་ཞབས་P.V Narasihma Rao ཐེབས་རྩས། ཐེབས་རྩ་ཁང་དེ་ཉིད་ཀྱི་ཞི་བདེའི་གཟེངས་རྟགས་དེ་ཕུལ་གནང་སོང་།

ཐེངས་འདིའི་གཟེངས་རྟགས་ཕུལ་མཁན་གྱི་ཁོངས་སུ་ཡོད་པ་རྒྱ་གར་རྒྱལ་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་སྔོན་འགོག་ཁང་ (All-India Anti-Terrorist Front) གི་འགན་འཛིན་སྐུ་ཞབས་ MS Bitta ལགས་ཀྱིས་གསར་འགོད་པ་ཚོར་གསུངས་ན། རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ Bharat Ratna ཐོབ་མཁན་དང་། རྒྱ་གར་སྤྱི་ལ་དཔལ་འབྱོར་ཡར་རྒྱས་ཀྱི་ཐད་ལེགས་སྐྱེས་ཆེ་ཤོས་ཕུལ་མཁན་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ P.V Narasihma Rao ནི་༸གོང་ས་མཆོག་ལ་དད་གུས་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་། སྲིད་བློན་དམ་པ་ཁོང་དེ་སྔ་རྒྱ་གར་གྱི་རྒྱལ་ཁབ་ཆེད་ཕྱག་ལས་གནང་སྐབས། ཁོང་ལ་༸གོང་ས་མཆོག་གི་བྱིན་རླབས་ཐོབ་ཡོད། དེ་རིང་སྲིད་བློན་དམ་པ་ཁོང་གི་ཚ་བོ་འདིར་དངོས་སུ་ཕེབས་ནས་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་དེ་ཕུལ་ཐུབ་པར་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲོལ་བརྗོད་གནང་བྱུང་།

རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ P.V Narasihma Rao མཆོག་ནི་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཐད་བྱས་རྗེས་རླབས་ཆེན་འཇོག་མཁན་ཞིག་ཡིན་ཞིང་། ལྷག་པར་ཁོང་སྐུ་འཚོ་བཞུགས་རིང་༸གོང་ས་མཆོག་ལ་ཐེངས་མང་མཇལ་འཕྲད་གནང་ཡོད་འདུག་ལ། སྲིད་བློན་དམ་པ་ཁོང་གི་ཚ་བོ་ P.V Kashyap ལགས་ཀྱིས་གསར་འགོད་པ་ཚོར་གསུངས་ན། ༸གོང་ས་མཆོག་དང་ངའི་སྤོ་སྤོ་གཉིས་ནི་ཡུན་རིང་ཐུགས་འདྲིས་ཡོད་མཁན་ཞིག་ཡིན་ཞིང་། དེང་སང་འཛམ་གླིང་འདིའི་སྟེང་ཞི་བདེའི་མཚོན་རྟགས་ཟེར་དུས་༸གོང་ས་མཆོག་ལ་གོ་ཡི་ཡོད། ངའི་སྤོ་སྤོ་ཡང་དེ་སྔ་ཞི་བདེའི་གལ་གནད་དང་དེའི་དགོས་དམིགས་ཁྱབ་སྤེལ་གནང་མཁན་གཙོ་གྲས་ཤིག་ཡིན་པས། ངའི་སྤོ་སྤོས་དུས་རྟག་ཏུ་༸གོང་ས་མཆོག་ལ་གུས་བརྩི་དང་མགོན་པོ་གང་ཉིད་མཆོག་གི་ཞི་བདེའི་མཛད་འཕྲིན་ལ་མིག་དཔེ་ལྟ་མཁན་ཞིག་ཡིན། ཞེས་དང་། དེང་སང་འཛམ་གླིང་ནང་དམག་འཁྲུག་གིས་དུས་ཚིགས་ངན་པ་ཞིག་འབྱུང་བཞིན་ཡོད་པས། འཛམ་བུ་གླིང་ཙམ་མ་ཟད་རྒྱ་གར་གྱི་ཡུལ་མི་ཚོས་ཀྱང་༸གོང་ས་མཆོག་གི་ཞི་བདེའི་དགོངས་པ་དག་ལ་མིག་དཔེ་བལྟ་རྒྱུ་གལ་ཆེ་ཡིན་ཞེས་གསུངས་སོང་།

གཞན་ཡང་དེ་རིང་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་དེ་འབུལ་ལམ་ཞུ་སྐབས། ༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་སྐུ་ཞབས་ P.V Kashyal ལ་ཕྱག་མཇལ་གནང་ཡོད་ཅིང་། སྲིད་བློན་དམ་པ་སྐུ་ཞབས་ P.V Narasihma Rao ཐེབས་རྩ་ཁང་གིས་དེ་སྔ་རྒྱ་གར་གྱི་ཕྱུག་བདག Ratan Tata ལགས་སུ་གཏོང་ཕོད་ཅན་གྱི་གཟེངས་རྟགས་ཕུལ་ཡོད་པ་དང་། ཐེབས་རྩ་ཁང་དེ་ཉིད་ནས་ཕྱི་ལོ་ ༢༠༢༠ ཙམ་ནས་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འཆར་གཞི་སྒྲིག་ཡོད་ཀྱང་། ཏོག་དབྱིབས་ཀྱི་གནས་སྟངས་རྐྱེན་པས་འབུལ་ལམ་ཞུ་ཐུབ་མེད་པ་རེད་འདུག

སྐུ་ཞབས་ P.V. Narasihma Rao མཆོག་གིས་ཕྱི་ལོ་ ༡༩༩༡ ནས་ ༡༩༩༦ བར་རྒྱ་གར་གྱི་སྲིད་བློན་དགུ་པའི་ཐུགས་འགན་བཞེས་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ལོར་དམ་པ་ཁོང་གི་མཛད་རྗེས་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna ཕུལ་ཡོད་པ་རེད། དམ་པ་ཁོང་གི་ཐེབས་རྩ་ཁང་ནི་རྒྱ་གར་མངའ་སྡེ་ Telengana ནང་རྟེན་གཞི་བྱས་ཡོད་ཅིང་། ཐེབས་རྩ་ཁང་དེས་གཙོ་བོ་སྤྱི་ཚོགས་ཞབས་ཞུ་དང་འབྲེལ། ཁྲག་གི་སྦྱིན་པ་བསྡུ་རུབ་ཀྱིས་ནད་པ་དགོས་ངེས་རྣམས་ལ་རོགས་སྐྱོར་གཙོས། སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྣ་མང་ཞིག་སྤེལ་མུས་ཡིན་པ་རེད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎