བོད་མི་ཚོས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བར་དྭོགས་ནས་རྒྱ་ནག་གཞུང་གིས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་མི་མང་ས་ཡ་མང་པོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་དམ་དྲག་བྱེད་བཞིན་པའི་ཁྲོད་བོད་མི་ཚོས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བར་དྭོགས་ནས་རྒྱ་ནག་གཞུང་གིས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་པ་སྙན་ཐོའི་ནང་གསལ་འདུག
- 2023-05-04
-
-
-
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབུ་ཁྲིད་པའི་སྲིད་གཞུང་གིས་ཡུལ་དེའི་མི་མང་ས་ཡ་མང་པོ་རྒྱལ་ཁབ་ཕྱི་ལ་གཏོང་གི་མེད་པར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་དམ་དྲག་བྱེད་བཞིན་ཡོད་པ་སི་པན་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(Safeguard Defenders)་ཞེས་པས་ཕྱི་ཚེས་༡ཉིན་བཏོན་པའི་སྙན་ཐོའི་ནང་བཀོད་ཡོད་ཅིང་། སྙན་ཐོ་དེ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་ཁང་དེས་(WION)་གསར་ལས་ཁང་ལ། རྒྱ་ནག་གཞུང་གི་སྲིད་ཇུས་དེའི་འོག་བོད་མི་རྣམས་ལ་ཕྱི་བསྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་པ་དང་། དེ་ནི་བོད་མི་རྣམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་བར་དྭོགས་ནས་ཕྱི་བསྐྱོད་ལག་འཁྱེར་མི་སྤྲོད་པར་རྒྱ་གར་དུ་གཏོང་གི་མེད་པ་རེད་ཅེས་གསུངས་འདུག
སྙན་ཐོ་དེའི་ནང་རྒྱལ་མཚམས་བརྒལ་ནས་བསྐྱོད་མི་ཆོག་པའི་བཀག་སྡོམ་ཟེར་བ་དེ་ནི། གཙོ་བོ་བོད་མི་དང་ཡུ་གུར་བར་དམིགས་པ་ཞིག་ཡིན་ཞིང་། གལ་ཏེ། ཁྱེད་རང་བོད་མི་དང་། ཡུ་གུར་བ་ཡིན་ཚེ། ཕལ་ཆེར་ཕྱི་བསྐྱོད་ལམ་ཡིག་ལེན་ཐུབ་ཀྱི་མེད་པར་གནས་སྟངས་དཀའ་མོ་ཞིག་གི་འོག་ཏུ་ལུས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དེའི་ཐེ་ཝན་ནང་ཡོད་པའི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་(Dinah Gardner)་ཞུ་བས་གསུང་འདུག
བོད་མི་ཚོར་མཚོན་ན། སྤྱི་ལོ་༢༠༡༢ལོའི་ལོ་ནས་འགོ་བཟུང་། རྒྱ་ནག་གཞུང་གིས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་དམ་དྲག་ཆེ་རུ་བཏང་ནས་བཀག་སྡོམ་དམ་དྲག་བྱས་དང་བྱེད་མུས་ཡིན་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བྱེད་མཁན་བོད་མི་ཚོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཁ་བཟོ་མཁན་དང་ཁ་བྲལ་རིང་ལུགས་པ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
ལོ་ཤས་གོང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནས་བལ་ཡུལ་དང་། རྒྱ་གར་བཅས་སུ་ཁྲིམས་མཐུན་གྱི་ཕྱིར་བསྐྱོད་ལག་འཁྱེར་ཐོག་གནས་མཇལ་དུ་བསྐྱོད་དེ། ཕྱིར་འབྱོར་བའི་བོད་མི་མང་པོ་ཞིག་ལ་རྒྱ་གར་དུ་བསྐྱོད་ཡོད་མེད་འདྲི་རྩད་དང་། ཕྱིར་བསྐྱོད་ལག་འཁྱེར་ཕྱིར་བསྡུ། ཡང་ན་བེད་མེད་བཟོས་པ། ཁག་གཅིག་གི་ཕྱིར་བསྐྱོད་ལག་འཁྱེར་དོ་བདག་གི་མདུན་ས་ནས་གཤག་སྟེ། ལག་འཁྱེར་བེད་མེད་བཟོས་བའི་གནས་ཚུལ་བྱུང་ཡོད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།