ཟི་ཁྲོན་ཕྱོཊ་སུ་དོམ་ཁྲའི་སྐྱེས་ཁམས་ལ་གནོད་ཚབས་བཟོས་ཡོད་པ།
རྒྱ་ནག་ཟི་ཁྲོན་དུ་རང་བྱུང་ནགས་ཚལ་མུའུ་ཁྲི་གཉིས་ཙམ་གཅོད་བྲེག་བྱས་པ་ལས་དོམ་ཁྲའི་སྐྱེས་ཁམས་ལ་གནོད་ཚབས་ཆེན་པོ་བཟོས་ཡོད་པ།
-
2015-10-22 -
-
-
རྒྱ་ནག་ཟི་ཁྲོན་དུ་རང་བྱུང་ནགས་ཚལ་མུའུ་ཁྲི་གཉིས་ཙམ་གཅོད་བྲེག་བྱས་པ་ལས་དོམ་ཁྲའི་སྐྱེས་ཁམས་ལ་གནོད་ཚབས་ཆེན་པོ་བཟོས་ཡོད་པ།
དེ་ཡང་BBC་དང་འདི་ག་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་སྒྲིག་འཛུགས་ཀྱིས་ཉེ་དུས་བཏོན་པའི་བརྟག་དཔྱད་སྙན་ཐོའི་ནང་། རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་དོམ་ཁྲ་གནས་ཡུལ་ཁྱབ་ཁོངས་སུ་ཧ་ལམ་མུའུ་ཉིས་ཁྲི་ཙམ་གྱི་རང་བྱུང་ནགས་ཚལ་རྣམས་ནགས་བཟོ་ལེགས་བཅོས་ཀྱི་མིང་གི་ཐོག་ནས་གཅོད་བྲེག་བྱས་པ་དེས་དོམ་ཁྲ་དང་། དེ་བཞིན་རྩ་ཆེའི་སྲོག་ཆགས་འཚོ་གནས་བྱེད་པར་ཐད་ཀར་འཇིགས་སྣང་ཉེན་ཚབས་འཕྲད་བཞིན་ཡོད་པ་རེད།
པེ་ཅིན་དུ་བཅའ་སྡོད་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་སྒྲིག་འཛུགས་ཞི་བདེ་ལྗང་གུ་ཚོགས་པའི་དོན་གཅོད་ཁང་གིས། ཁ་ས་ཚེས་༢༡་ཉིན་བཏོན་པའི་སྙན་ཐོའི་ནང་། འཛམ་གླིང་རང་བྱུང་ཤུལ་བཞག་ལ་བརྩི་བའི་ཟི་ཁྲོན་དོམ་ཁྲ་གནས་ཡུལ་ཁྱབ་ཁོངས་ཡ་ཨན་གྲོང་ཁྱེར་གྱི་ཕུང་ཐུང་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མཐའ་འཁོར་དུ། སྤྱི་ལོ༢༠༠༩་ལོ་ནས་འགོ་ཚུགས་ནགས་ཚལ་ལེགས་བཅོས་ཀྱི་མིང་གི་ཐོག་ནས་གཞི་རྒྱ་ཆེ་བའི་རང་བྱུང་གི་ནགས་ཚལ་ལེགས་བཅོས་ཀྱིས་མི་བཟོས་ནགས་ཁུལ་དུ་བསྒྱུར་བའི་ཁྲིམས་འགལ་གྱི་སྣང་ཚུལ་མང་པོ་ཐོན་ཡོད་པ་ལྟར། གཅོད་བྲེག་བྱས་ཟིན་པའི་ནགས་ཚལ་མུའུ་༡༩༤༢༥་ཙམ་ཟིན་གྱི་ཡོད་པ་ནི་ཁྲེང་ཏུའུ་གྲོང་ཁྱེར་གྱི་རྒྱ་ཁྱོན་གསུམ་བཞི་ཙམ་དང་མཚུངས་ཀྱི་ཡོད་པ་རེད།
ཞི་བདེ་ལྗང་གུ་ཚོགས་པའི་དྲ་གནས་སུ་གསལ་བ་ལྟར་ན། སྤྱི་ལོ༢༠༡༣ལོ་ནས་ད་བར་ལོ་གཉིས་ནང་། སྒྲིག་འཛུགས་དེས་ཐེངས་བདུན་ཙམ་ཟི་ཁྲོན་ས་གནས་རང་དུ་རྟོགས་ཞིབ་བྱས་པ་བརྒྱུད་ལུའུ་ཧྲན་ཧོང་ཧུད་གཙང་པོའི་ཉེ་འགྲམ་དུ་དོམ་ཁྲ་གནས་སའི་ཁུལ་དུ་གཞི་རྒྱ་ཆེན་པོས་ནགས་ཚལ་གཅོད་བྲེག་བྱས་ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་མུའུ་༡༧༧༡༥་ཙམ་ཟིན་པ་སོགས་ཤེས་རྟོགས་བྱུང་ཡོད་པ་རེད།
རྒྱ་ནག་རྒྱལ་ཁབ་ནགས་ལས་ཁང་དང་ཟི་ཁྲོན་ཞིང་ཆེན་གཞུང་གིས་འཛམ་གླིང་རང་འབྱུང་ཤུལ་བཞག་དང་དོམ་ཁྲ་གནས་ཡུལ་དུ་སྲུང་སྐྱོབ་བྱས་ཏེ་ནགས་ཚལ་ལེགས་བཅོས་འཆར་འགོད་ལ་ལྟ་སྐུལ་ནན་པོ་བྱས་ཏེ་རང་བྱུང་ནགས་ཚལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་དགོས་པ་ཞི་བདེ་ལྗང་གུ་ཚོགས་པས་འབོད་སྐུལ་བྱས་ཡོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།