པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་བའི་ངོ་རྒོལ་ལས་འགུལ་གང་སར་སྤེལ།

2021.05.18
པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་བའི་ངོ་རྒོལ་ལས་འགུལ་གང་སར་སྤེལ། ནེའུ་ཡོག་ནང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་ནས་པཎ་ཆེན་རིན་པོ་ཆེའི་ཆེད་སྐད་འབོད་ལས་འགུལ། ༥།༡༧།༢༡
དྲ་བཤུས། /NYNJ RTYC

བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཨ་མི་རི་ཀ་དང་ཉི་ཧོང་སོགས་གང་སར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཆེད་ངོ་རྒོལ་སྐད་འབོད་སོགས་ལས་འགུལ་འདྲ་མིན་སྤེལ་འདུག
འདི་ཚེས་༡༧་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་ཨ་མི་རི་ཀའི་ནིའུ་ཡོག་གྲོང་ཁྱེར་ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།
འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་བའི་དགོས་འདུན་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་བཞིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་བ་དང་། སྐབས་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་། པཎ་ཆེན་རིན་པོ་ཆེའི་སྐུ་པར་སོགས་བསྣམས་ནས་པཎ་ཆེན་རིན་པོ་ཆེ་ག་པར་ཡོད། པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་ཞེས་སྐད་འབོད་གནང་ཡོད་པ་རེད།

japan.jpeg

དེ་བཞིན་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཕྱག་དེབ་གསར་བ་ཞིག་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་མིན་ལ་མ་བལྟོས་པར་དེ་རིང་གི་ཉིན་མོ་དེ་ནི་བོད་མི་ཚོར་ཧ་ཅང་གི་གལ་འགངས་ཆེ་བའི་ཉིན་མོ་ཞིག་ཆགས་ཀྱི་ཡོད། དེ་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༦་འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་། ཉིན་མོ་དེ་ནི་བོད་མི་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁག་ནས་ནམ་ཡང་བརྗེད་ཐབས་མེད་ཅེས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་སྤྲོད་བཞིན་པ་གསལ་སྟོན་གནང་འདུག
ཕྱག་དེབ་དབུ་འབྱེད་དང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་ཉི་ཧོང་གི་ཊོཀ་ཡོ་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་སྐུ་ཞབས་(Hirano)་དང་། ཉི་ཧོང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་(Kital)་བཅས་མཉམ་ཞུགས་གནང་ཡོད་པའི་ཐོག དྲ་ལམ་བརྒྱུད་ནས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ལ་སོགས་པ་གནད་ཡོད་མི་སྣ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་འདུག

Lithuanian.png


ཡང་ཕྱི་ཚེས་༡༧་ཉིན། ལི་ཐུ་ཝེ་ནི་ཡའི་(Lithuanian)་རྒྱལ་ཁབ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་བྱས་ནས། ཡུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་མི་མང་པོ་ཞིག་འདུ་འཛོམས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་བཀྲོལ་དགོས་པ་མ་ཟད། ཧོང་ཀོང་དང་། ཤིང་ཅང་མངའ་ཁུལ་གྱི་མི་མང་ཚོར་རྒྱ་ནག་གཞུང་གིས་སྡུག་སྦྱོང་གཏོང་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་འདུག
དེ་བཞིན་དུ་སུད་སིར་པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གིས་གློད་གྲོལ་ཡོང་བའི་འབོད་སྐུལ་དང་བཅས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་གནང་བ་ཡོད་པ་དང་། གཞན་ཉིན་དེར་ཁེ་ཎ་ཌ། ཡོ་རོབ། ཐེ་ཝན་སོགས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་བའི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ནས་འབོད་སྐུལ་གནང་ཡོད་པ་རེད།
༧པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ། སྤྱི་ལོ་༡༩༨༩་ལོའི་ཟླ་བ་༤་པའི་ཚེས་༢༥་ཉིན་སྐུ་འཁྲུངས་པ་དང་། དགུང་ལོ་དྲུག་གི་ཐོག་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཐོག་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་འཕྲལ་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ནས་ད་ཆ་མི་ལོ་ཧྲིལ་བོ་༢༦་འཁོར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ལྷ་ལྡན་ཇོ་བོའི་མདུན་ནས་གསེར་བུམ་དཀྲུགས་ཏེ་ཁྱེའུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག ༧པཎ་ཆེན་སྐུ་ཐོག་གོང་མའི་ཡང་སྲིད་དུ་གཞུང་འབྲེལ་གྱི་ལམ་ནས་ངོས་འཛིན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎