པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཐབས་སུ་ལས་འགུལ་འདྲ་མིན་སྤེལ་བཞིན་འདུག


2020.04.23
བགྲོ་གླེང་བརྡ་ཁྱབ་འདྲ་བཤུས བགྲོ་གླེང་བརྡ་ཁྱབ་འདྲ་བཤུས
TLM

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཐབས་སུ་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པས་དྲ་ལམ་བརྒྱུད་བགྲོ་གླེང་ཚོགས་ནས་པཎ་ཆེན་རིན་པོ་ཆེའི་སྐོར་གླེང་འཆར་འདུག
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ཉིན། བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པས་དྲ་ལམ་བརྒྱུད་ཆོས་ཕྱོགས་ཀྱི་ལམ་ནས་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། དེ་མིན་རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ད་བར་ལོ་ངོ་༢༥་འཁོར་ལ་ཉེ་བའི་སྐབས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་བཙན་འཁྲིད་བཀག་ཉར་བྱས་ཏེ་ད་ཆ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བློ་འཚབ་དང་བཅས་རྒྱ་ནག་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་སྐྱོན་འཛུགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
སྤྱིར་ད་སྐབས་རྒྱ་གར་ནང་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དེ་བཞིན་ཁྱབ་ནས། དེ་སྔོན་འགོག་ཆེད་སྤྱི་ཟླ་༥་བའི་ཚེས་༣་བར་མི་དམངས་རྣམས་རང་ཁྱིམ་དུ་སྡོད་དགོས་པའི་བཀའ་རྒྱའི་འོག་གནས་བཞིན་ཡོད་ཀྱང་། རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་བྷི་བོད་མིའི་གཞིས་སྒར་དུ་ཆགས་པའི་བཀྲིས་ལྷུན་པོ་དགོན་པའི་དགེ་འདུན་པ་ཚོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་སྤྱི་ཟླ་༤་ཚེས་༢༥་ཉིན། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆེད་དྲ་ལམ་བརྒྱུད་ཆོས་ཕྱོགས་ཀྱི་བྱེད་སྒོ་གནང་རྒྱུ་དང་མཉམ་པཎ་ཆེན་རིན་པོ་ཆེའི་སྐོར་བགྲོ་གླེང་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། བགྲོ་གླེང་གནང་མཁན་གྱི་གྲས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། བཀྲིས་ལྷུན་པོ་དགོན་པའི་གཟིག་རྒྱབ་རིན་པོ་ཆེ། ཨ་རིའི་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ལྷན་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson) དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་བསྟན་འཛིན་རྡོ་རྗེ་ལགས། ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་མི་(Arif Virani) ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Matteo Mecacci)་བཅས་བགྲོ་གླེང་ནང་མཉམ་ཞུགས་གནང་འཆར་ཡོད་འདུག
གཞན་ཡང་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་པ་ཡོངས་ཀྱི་འཐུས་མི་༩༣་གྱིས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་དང་། དེ་བཞིན་ཉི་ཧོང་ནང་ཡོད་པའི་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་དབུས་པའི་ཆོས་ཚོགས་ཁག་དང་། གཙུག་ལག་སློབ་གྲྭ་ཆེན་མོ་དང་སློབ་གྲྭ་ཁག ཉི་ཧོང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་སོགས་ཚང་མས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་རེད་འདུག
གཞན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་མི་༣༩་ཙམ་དང་། ཐེ་ཝན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་༩་བཅས་མཉམ་དུ། ཐེ་ཝན་ནང་རྟེན་གཞི་བྱེད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་སོགས་ལ་འབྲེལ་གཏུག་ལས་འགུལ་སྤེལ་ནས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། ཁོང་གི་སྐུ་འཁོར་རྣམས་གློད་བཀྲོལ་གཏོང་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་གནོན་ཤུགས་སྤྲོད་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་འདུག
ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་༡༩༨༩་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་བོད་ཀྱི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་དྲུག་ལ་ཕེབས་པའི་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་གནང་ཡོད་པ་རེད། འོན་ཀྱང་ངོས་འཛིན་གནང་ནས་ཉིན་ཤས་རྗེས་ཕྱི་ལོ་༡༩༩༥་ཕྱི་ཟླ་ལྔ་པའི་ཚེས་༡༧་ཉིན་རྒྱ་ནག་གཞུང་ནས་ཁོང་དང་ཡབ་ཡུམ་བཅས་པ་བཙན་ཁྲིད་བྱས་རྗེས་ད་བར་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཟླ་འདིའི་སྤྱི་ཚེས་༢༥་ཉིན་དགུང་ལོ་༣༡་ལ་ཕེབས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎