བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འགྲོ་སྟངས་ངོ་སྤྲོད།
2019.06.29

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ཕྱི་ཟླ་༦ཚེས་༢༣ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་ས་གནས་མི་མང་ཚོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འཕེལ་རིམ་དང་དམིགས་ཡུལ།བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དམིགས་བསལ་ཚོགས་ཆེན་གྱི་གལ་གནད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་གལ་ཆེའི་ལས་གཞི་ཁག་སོགས་ངོ་སྤྲོད་གནང་ཡོད་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་སྤྱི་དང་། སྔོན་རྩིས་ཀྱི་འགྲོ་སྟངས་སོགས་དཔལ་འབྱོར་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་ཁག་དང་། དྭང་བླངས་དཔྱ་དངུལ་གྱི་གལ་གནད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་སོགས་ཀྱི་སྐོར་ངོ་སྤྲོད་གནང་སྟེ་དོགས་འདྲི་ཁག་ལ་བཀའ་ལན་ཡང་གནང་ཡོད་འདུག ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་ལྟར་ན། ཕྱི་ཚེས་༢༤ཉིན་ཁུལ་དེའི་སློབ་གྲྭ་དབུས་མར་ཕེབས་ནས་སློབ་ཕྲུག་ཚོར་ཤེས་ཡོན་གྱི་གལ་གནད་སྐོར་གསུང་བཤད་གནང་ཡོད་པ་དང་། ཕྱི་ཚེས་༢༥ཉིན་ས་གནས་འཐུས་ཚོགས་ཀྱི་ལས་ཁུངས་དང་ས་གནས་འགོ་འཛིན་ལས་ཁུངས་ས་གནས་རང་བདེན་ཚོགས་ཆུང་ལས་ཁང་དང་། མཉམ་འབྲེལ་ཡན་ལག་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་དང་། རྒས་གསོ་ཁང་།བཙུན་དགོན་བཅས་སུ་གཟིགས་སྐོར་གནང་རྗེས་འབྲས་སྤུངས་བློ་བསལ་གླིང་དང་། སྒོ་མང་། དགའ་ལྡན་བྱ་རྩེ་དང་ཤེར་རྩེ། ས་སྐྱ་དང་ར་སྟོད། རྙིང་དགོན་དང་བཀའ་བརྒྱུད་སོགས་དགོན་སྡེ་ཁག་ཏུ་གནས་གཟིགས་སུ་ཕེབས་ཡོད་པ་དང་། དགའ་ལྡན་བླ་སྤྱིའི་འདུ་ཁང་དུ་གོང་ཞུས་དགོན་སྡེ་ཁག་གི་དགེ་འདུན་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་དང་ལས་གཞི་ཁག་སོགས་ཀྱི་ཐོག་གསུང་བཤད་གནང་རྗེས་ཕྱི་ཚེས་༢༩ཉིན་ལས་རིམ་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཕྱིར་ཕེབས་གནང་ཡོད་འདུག།