ཨཕ་ག་ནིསྟན་དང་པ་ཀིསྟན་ས་མཚམས་སུ་གཏོར་རྒོལ།
2011.05.30
༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་(Hillary Clinton)མཆོག་པ་ཀིསྟན་ནང་ཕེབས་ནས་ཨཕ་ག་ནིསྟན་གྱི་མཐའ་མཚམས་ས་ཁུལ་ནང་ཨལ་ཀཡི་ད་དང་། ཏ་ལི་བན་དྲག་འཐབ་མཁན་ཚོ་གབ་ཡིབ་བྱ་ཡུལ་ཐོག་ཨ་རིས་གཏོར་རྒོལ་གཏོང་རྒྱུའི་དགོས་འདུན་བསྐྱར་ནན་གསུང་པའི་ཉིན་ཤས་རྗེས། ད་ཆ་པ་ཀིསྟན་གྱིས་བྱང་ཕྱོགས་ལྦ་ཛི་རིསྟན་ས་ཁུལ་ཐོག་དྲག་པོའི་ཕར་རྒོལ་བྱ་རྒྱུ་ཡིན་སྐོར་པ་ཀིསྟན་གྱི་གསར་ཤོག་ཅིག་གིས་གནས་ཚུལ་སྤེལ་འདུག།
ཨཕ་ག་ནིསྟན་ནང་དམག་འཐབ་བྱེད་མཁན་དྲག་འཐབ་ཤོག་ཁག་ཧཀ་ཀ་ནི་(Haqqani)ཟེར་བའི་མི་ངན་གབ་ཡིབ་བྱ་ཡུལ་པ་ཀིསྟན་གྱི་ས་ཁུལ་ལྟེ་བ་འཁེལ་ས་བྱང་ཕྱོགས་ལྦ་ཛི་རིསྟན་ཐོག་པ་ཀིསྟན་གྱིས་དྲག་པོའི་ཕར་རྒོལ་བྱ་རྒྱུའི་ཁས་ལེན་དེ་བཞིན་བདུན་སྔོན་མ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་དང་ཨ་རིའི་ས་མཚོ་གནམ་གསུམ་དཔུང་དམག་གི་སྤྱི་ཁྱབ་མའེཀ་མུའུ་ལེན་(Mike Mullen)རྣམ་གཉིས་པ་ཀིསྟན་ནང་གཞུང་འབྲེལ་གཟིགས་སྐོར་གནང་བར་ཕེབས་སྐབས་མོས་མཐུན་བྱུང་བ་ཞིག་ཡིན་སྐོར་ པ་ཀིསྟན་གསར་ཤོག་དེའི་ནང་གནས་ཚུལ་མུ་མཐུད་བཀོད་ཡོད་པ་རེད།
ཨཕ་ག་ནིསྟན་ནང་ཨ་རིའི་དཔུང་དམག་ལ་ཁ་གཏད་གཙོ་བོ་གཅོག་མཁན་ཨཕ་གན་དྲག་འཐབ་ཤོག་ཁག་ཧཀ་ཀ་ནི་ཟེར་བ་དེ་རྩ་མེད་བཟོ་རྒྱུར་ པ་ཀིསྟན་ངོས་ནས་དྲག་འཐབ་ཤོག་ཁག་དེའི་ཐོག་ཕར་རྒོལ་བྱ་དགོས་རྒྱུའི་དགོས་འདུན་ཨ་མི་རི་ཀས་དུས་ཡུན་རིང་པོའི་སྔོན་ནས་བཏོན་ཡོད་ནའང༌། པ་ཀིསྟན་གྱིས་ད་བར་ཁོང་ཚོའི་ཐོག་ཕར་རྒོལ་བྱ་མི་དགོས་གཙོ་དོན་བྱས་ཡོད་པ་རེད། འོན་ཀྱང་ཉེ་དུས་ཨོ་ས་མ་ བིན་ལ་དེན་པ་ཀིསྟན་གྱི་ས་ཐོག་ཐོན་པའི་རྗེས་པ་ཀིསྟན་གྱིས་འཇིགས་སྐུལ་དྲག་སྤྱོད་པར་གེབ་སྲུང་བྱེད་ཀྱི་ཡོད་པའི་གནས་ཚུལ་ར་འཕྲོད་བྱུང་བ་དང༌། དེའི་ཐོག་ཨ་རིའི་གནོན་ཤུགས་ཆེ་རུ་ཕྱིན་པ་བཅས་ཀྱིས་ དྲག་སྤྱོད་པའི་ཐོག་དྲག་པོའི་ཕར་རྒོལ་བྱ་རྒྱུའི་ཁས་ལེན་མ་བྱེད་ཀ་མེད་ཆགས་ཡོད་པའི་གནས་ཚུལ་ཐོན་བཞག།