པ་ཀི་སི་ཐན་དམག་མིས་གཞུང་ལ་བརྩི་བཀུར་ཡོད་ལུགས།
2011.12.24
༄༅༎པ་ཀིས་ཐན་ནང་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་མང་ཚོགས་ཀྱི་འོས་འདེམས་བྱས་པའི་གཞུང་དེ་དམག་མིས་མགོ་གཏིང་སློག་རྒྱུའི་འཆར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་པ་དེ་ནི། དཔང་རྟགས་ར་འཕྲོད་མེད་པའི་ཚོད་དཔག་ཙམ་ཞིག་ཡིན་པ་ལས། བདེན་པ་མ་རེད་ཅེས་ཡུལ་དེའི་དམག་སྤྱི་ཨཤ་ཕཀ་ཀ་ཡ་ནི་ཡིས་གསུངས་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་། སྐབས་དེར་ཨ་རིའི་ནང་ཡོད་པའི་པ་ཀིས་ཐན་གྱི་གཞུང་ཚབ་ཆེན་མོ་ཧུ་སེན་ཧ་ཁ་ནི་ཡིས། ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་གསང་གནས་ཤིག་ཕུལ་ཏེ། གསང་གནས་དེའི་ནང་ པ་ཀིས་ཐན་གྱི་དམག་མིས་་ཡུལ་དེའི་གཞུང་མགོ་གཏིང་སློག་རྒྱུའི་ཉེན་ཁ་ཡོད་པ་དང༌། ཉེན་ཁ་དེ་འགོག་ཐབས་སུ་ཨ་རི་གཞུང་གིས་རོགས་དགོན་ཡོང་བའི་རེ་སྐུལ་ཞུས་ཡོད་སྐོར་གྱི་གནས་ཚུལ་ཞིག་ཐོན་པའི་རྙོག་གླེང་ཆེན་པོ་ཞིག་བྱུང་བའི་རྗེས། སྐབས་དེའི་པ་ཀིས་ཐན་གྱི་གཞུང་ཚབ་ཆེན་མོ་ཧུ་སེན་ཧ་ཁ་ནི་དགོང་པ་ཞུ་དགོས་བྱུང་བ་དང༌། ཡང་ཉེ་ལམ་པ་ཀིས་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་དཀྱིལ་ཤར་ཡུལ་གྲུ་རྡུ་སྦའེ་ནང་སྨན་བཅོས་ཀྱི་ཆེད་དུ་གློ་བུར་བསྐྱོད་དགོས་པ་བྱུང་བར། ཆབ་སྲིད་ཉམས་ཞིབ་པ་ཚོས་ཁོང་ཕྱིར་བསྐྱོད་གནང་བའི་རྒྱུ་མཚན་ནི། པ་ཀིས་ཐན་གྱི་དམག་མིས་ཁོང་གཞུང་འཛིན་དབང་ཆ་ནས་ཕྱིར་འབུད་གཏོང་རྒྱུའི་ཉེན་ཁ་ལས་གཡོལ་ཐབས་ཀྱི་ཆེད་ཡིན་པའི་ཚོད་དཔག་བྱས་པ་དང༌། དེ་རྗེས་ཉིན་ཤས་གོང་པ་ཀིས་ཐན་གྱི་སྲིད་བློན་ཡུ་སུཕ་ར་ཇ་གི་ལ་ནི་ཡིས་གྲོས་ཚོགས་སུ་གཏམ་བཤད་ཅིག་གནང་བའི་ནང༌། པ་ཀིས་ཐན་གི་གཞུང་དང༌དམངས་གཙོའི་ལམ་ལུགས་ལ་ཉེན་ཁ་ཡོང་གཞི་ཞིག་ཆགས་ཡོད་པ་དང༌། རྒྱལ་ཁབ་ནང་གཞུང་གི་བཀོད་ཁྱབ་འོག་མི་འགྲོ་མཁན་གྱི་སྒྲིག་འཛུགས་དེ་འདྲ་ཡོད་པ་ནི། བཟོད་བསྲན་བྱེད་ཐུབ་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་ཡོད་པར། ཆབ་སྲིད་ཉམས་ཞིབ་པ་ཚོས། པ་ཀིས་ཐན་གྱི་དམག་མིས་གཞུང་མགོ་གཏིང་སློག་རྒྱུའི་འཆར་གཞི་མེད་དམ་སྙམ་པའི་ཚོད་དཔག་བྱེད་མཁན་ཤུགས་ཆེན་པོ་ཡོང་བཞིན་ཡོད་པར་བརྟེན། འདི་ཚེས་ ༢༣ ཉིན་པ་ཀིས་ཐན་གྱི་དམག་སྤྱི་ཨཤ་ཕཁ་ཀ་ཡ་ནི་ཡིས ཡུལ་དེའི་དམག་དཔུང་འདུ་འཛོམས་ཤིག་སར་གསུང་བཤད་གནང་བའི་ནང༌། པ་ཀིས་ཐན་གྱི་དྲག་པོའི་སྒྲིག་འཛུགས་ཀྱིས་ དམངས་གཙོའི་ལམ་ལུགས་ལ་བརྩི་བཀུར་མུ་མཐུད་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པར་སོང༌། མི་མང་གི་འོས་འདེམས་བྱས་པའི་གཞུང་གི་དབང་ཆ་དམག་མིས་བཙན་འཁྲོག་བྱེད་པའི་ཉེན་ཁ་ཡོད་ཚུལ་གྱི་གླེང་སློང་དེ་དག ཚོད་དཔག་བྱས་པ་ཙམ་ཞིག་ཡིན་པ་ལས། དེར་བདེན་པ་གང་ཡང་མེད་སྐོར་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག།