པ་ཀིསྟན་ཁྲིམས་ནས་མུ་ཤ་རཕ་ཡི་མཁར་དབང་གཞུང་བཞེས།
2011.08.28
༄༅༎པ་ཀིསྟན་ནང་ཁྲིམས་ཁང་ཞིག་གིས་སྲིད་འཛིན་ཟུར་པར་ལྦེཛ་མུ་ཤ་རཕ་གྱི་མཁར་དབང་་གཞུང་བཞེས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
པ་ཀིསྟན་གྱི་སྲིད་འཛིན་ཟུར་པ་པར་ལྦེཛ་མུ་ཤ་རཕ་གྱིས་ཕྱི་ལོ་༢༠༠༧ལོར་སྲིད་བློན་ཟུར་པ་བྭི་ན་ཛིར་སྦུཊོ་བཀྲོང་སྐབས་སྲུང་སྐྱོབ་གནང་མེད་པའི་ཉེས་འཛུགས་འོག་རེས་གཟའ་སྤེན་པའི་ཉིན་ཁོང་གི་མཁར་དབང་ཡོངས་རྫོགས་གཞུང་བཤེས་བྱ་དགོས་པའི་ཁྲིམས་བཅད་བཏང་ཡོད་ལུགས་ཁྲིམས་རྩོད་ཞིག་གིས་རེས་གཟའ་ཉི་མའི་ཉིན་འགྲེལ་བརྗོད་གནང་འདུག འཛམ་གླིང་ནང་ཁ་ཆེའི་བུད་མེད་སྲིད་བློན་དང་པོ་བྭི་ན་ཛིར་ བྷུཊོ་ཕྱི་ལོ་༢༠༠༧ལོར་རང་ཡུལ་དུ་ཕྱིར་ལོག་གིས་རྒྱལ་ཡོངས་འོས་བསྡུར་མཉམ་ཞུགས་སྐབས་རང་སྲོག་བློས་བཏང་བ་ཁག་ཅིག་གིས་དྲོག་རྒོལ་གྱི་རྐྱེན་ལམ་བཏང་བ་རེད། འདི་ལོ་ཕྱི་ཟླ་གཉིས་པའི་ནང་འཇིགས་སྐུལ་དྲག་ལས་ཞིབ་འཇུག་ཁྲིམས་ཁང་ཞིག་གིས་ད་ལྟ་རྡུ་སྦའེ་ནང་སྐྱབས་བཅོལ་དུ་གནས་བཞིན་པ་མུ་ཤ་རཕ་འཛིན་བཟུང་དགོས་པའི་བཀོད་ཁྱབ་བཏང་ཡང་། དོ་བདག་གིས་བརྩི་མེད་བཏང་བ་བརྟེན་ད་ཆ་ནག་ཅན་བྲོས་བྱོལ་བ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་རེད།
རེས་གཟའ་སྤེན་པའི་བཀའ་རྒྱའི་ནང་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པའི་མཁར་དབང་ཡོངས་གཞུང་བཞེས་དང་དངུལ་ཁང་ནང་གསོག་འཇོག་བྱས་པའི་དངུལ་འབོར་ཡང་བཀག་སྡོམ་དགོས་པའི་བཀོད་ཁྱབ་བཏང་ཡོད་ལུགས་གཞུང་གི་ཁྲིམས་རྩོད་པ་ཅའོ་རྡི་རི་ཛུལ་ཕི་ཁར་ཨ་ལི་ ཡིས་གསུངས་གནང་འདུག གཞུང་བཞེས་བཏང་རྒྱུའི་གྲས་སུ་ཨི་སེ་ལ་མ་སྦད་ནང་ས་ཞིང་དང་ཁང་པ་དེ་མིན་སྡོད་གསར་རྒྱག་ཆེད་མཁོ་གྲུབ་བྱས་པའི་ས་ཆ་མང་དག་ཞིག་དང་། དངུལ་ཁང་འདྲ་མིན་ནང་གསོག་འཇོག་བྱས་པའི་དངུལ་འབོར་ཡུལ་དེའི་སྒོར་མོ་ས་ཡ་དབུ་བཅུ་ཐམ་པའམ་ཨ་རིའི་ཌོ་རལ་ས་ཡ་གཅིག་ཡོད་འདུག ད་ལྟའི་འཆར་གོང་ཞུས་ཁྲིམས་ཁང་གིས་གསང་རྒྱ་དོད་པོའི་འོག་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པ་དྭོགས་གཞི་པའི་མི་སྣ་ལྔ་དང་ཉེན་སྲུང་དཔོན་རིགས་གཉིས་ཀྱི་གྱོད་ཞིབ་གནང་མུས་ཡིན་པ་རེད། འོན་ཀྱང་མུ་ཤ་རཕ་གྱིས་ཕྱོགས་གཏོགས་མི་སྣས་སྐྱོན་འཛུགས་དེ་དག་ངོས་ལེ་ན་བྱེད་ཀྱི་མེད་པ་རེད། པ་ཀིསྟན་གྱི་གཞུང་གིས་བྭི་ན་ཛིར་བཀྲོང་མཁན་དྲག་སྤྱོད་པ་བྭའི་ཏུ་ལ་མེཧ་སུརྡ་ཡིན་པར་སྐྱོན་འཛུགས་བྱས་པ་རེད། ཁོ་པ་ཕྱི་ལོ་༢༠༠༩ལོར་ཨ་རིའི་དཔུང་དམག་གིས་གནམ་ཐོག་ནས་དྲག་རྒོལ་གྱིས་རྐྱེན་ལམ་དུ་བཏང་བ་རེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བྭེ་ན་ཛིར་བཀྲོང་མཁན་དང་པ་ཀི་སི་ཐན་གྱི་དམག་མི་དང་སྲུང་སྐྱོབ་ལས་ཁུངས་དབར་ལག་འདྲེས་ཡོད་་སྲིད་པའི་སྙན་ཐོ་ཞིག་བཏོན་ཡོད་རེད། སྦུ་ཊོ་བཀྲོངས་པའི་རྗེས་སུ་ཁོང་གི་པ་ཀིསྟན་མི་མང་ཚོགས་པར་འོས་བསྡུའི་སྐབས་རྒྱལ་ཁག་ཐོབ་ཏེ་ཁོང་སྐུ་ཟླ་ཨ་སིཕ་ཨ་ལི་ཛར་རྡ་རི་སྲིད་བློན་དུ་འོས་འདེམས་བྱུང་བ་རེད༎