ང་ཚོའི་དམིགས་ཡུལ་ནི་བོད་ལ་ལོག་རྒྱུ་དེ་ཡིན་ཞེས་བཀའ་གནང་འདུག
2015.09.16
༄༅། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་མི་ཚོ་ཡང་སྐྱབས་བཅོལ་བ་ཡིན། ང་ཚོའི་དམིགས་ཡུལ་ནི་མ་འོངས་པར་བོད་ལ་ལོག་རྒྱུ་དང་སྔར་ཉམས་བརླག་ཕྱིན་པའི་བོད་ཀྱི་རིག་གཞུང་རྣམས་སླར་གསོ་ཐུབ་པ་བྱ་རྒྱུ་དེ་ཡིན་སྐོར་ཕྱི་ཚེས་༡༥ཉིན་དབྱིན་ཡུལ་ནང་བཀའ་བསྩལ་གནང་མཛད་འདུག ཁ་སང་༸གོང་ས་མཆོག་ལ་དབྱིན་ཡུལ་གྱི་Magdalen གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་David Claryལགས་ཀྱིས་གུས་བསུའི་སྣེ་ལེན་ཞུས་ནས་ཁོང་གི་དཔེ་མཛོད་ཁང་ལ་གདན་འདྲེན་ཞུས་ཏེ་༧གོང་ས་མཆོག་ནས་དཔེ་དེབ་རྙིང་གྲས་ཁག་ཅིག་ལ་གཟིགས་ཞིབ་ནན་པོ་མཛད་འདུག དེ་ནས་སློབ་དཔོན་David Clary ལགས་ནས་དེབ་རིགས་དང་པར་རིགས་ཁག་༸གོང་ས་མཆོག་ལ་སྤྱན་བསྟར་ཞུ་བཞིན་འགྲེལ་བཤད་ཞུས་འདུག་ལ། དེ་སྔ་དབྱིན་ཇིའི་རྒྱལ་ཚབ་Lord Elgin གྱི་བཀའ་འབྲེལ་འོག་བོད་ནང་བཏང་བའི་རྟོག་ཞིབ་འགྲུལ་བཞུད་པ་Philip Edgerton ཡིས་བསྐྱོན་པའི་བྲག་རྡོའི་པར་རིས་ཤིག་སྤྱན་བསྟར་ཞུ་སྐབས་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་གཟིགས་ཞིབ་མཛད་པ་དང་། དེ་བཞིན་ཕྱི་རྒྱལ་བ་ཚོས་བོད་ཀྱི་ལོ་རྒྱུས་མི་སྣ་དང་ས་ཁམས་བཅས་ཀྱི་པར་རིགས་གཞན་མང་པོ་ཞིག་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྦྲགས་ཏེ་༧གོང་ས་མཆོག་ལ་སྤྱན་འབུལ་དང་སྙན་སྒྲོན་ཞུས་འདུག དེ་རྗེས་༸གོང་ས་མཆོག་གིས་The Evening Standard གསར་ལས་ཁང་གི་གསར་འགོད་པ་Richard Godwin ཡིས་བཅའ་འདྲི་དང་ལེན་མཛད་སྐབས། ཡོ་རོབ་ནང་གྱར་བའི་སི་རི་ཡའི་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་བྱ་དགོས་པ་དང་སྐྱབས་བཅོལ་རེད་ཟེར་ནས་ངོས་ལེན་བྱས་པ་ཙམ་མ་ཡིན་པར་དོན་དངོས་སུ་ཁོང་ཚོའི་ཡུལ་དེའི་ནང་ཞི་བདེ་ལྡན་པའི་དུས་ཚོད་ཅིག་འཆར་བར་འབད་བརྩོན་རོགས་སྐྱོར་བྱེད་དགོས་སྐོར་བཀའ་ལན་བསྩལ་འདུག གལ་ཆེ་ཤོས་ནི་མ་འོངས་པར་ཁོང་ཚོའི་ལུང་པའི་ནང་ཞི་བདེ་ལྡན་པ་ཞིག་ཡོང་ཐུབ་པ་དགོས་པ་དེ་ཡིན། ང་ཚོ་བོད་མི་ཚོ་ཡང་སྐྱབས་བཅོལ་བ་ཆགས་ཡོད། ང་ཚོའི་དམིགས་ཡུལ་ནི་མ་འོངས་པར་བོད་ལ་ལོག་རྒྱུ་དང་ཕྱོགས་མཚུངས་སྔར་ཉམས་བརླག་ཕྱིན་པའི་བོད་ཀྱི་རིག་གཞུང་རྣམས་སླར་གསོ་ཐུབ་པ་བྱ་རྒྱུ་དེ་ཡིན་སྐོར་བཀའ་བསྩལ་གནང་མཛད་ཡོད་པའི་གནས་ཚུལ་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།