ཨོ་རི་ས་བོད་མིའི་གཞིས་ཆགས་བཙུགས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་ཞུ་བཞིན་འདུག
ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་དང་འབྲེལ། ས་གནས་གཞིས་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་གཙོས་པའི་འབྲེལ་ཡོད་ཁག་གིས་རོགས་སྐྱོར་གནང་བར་བརྟེན་ནས་ད་བར་གཞིས་ཆགས་འཚོ་གནས་སྲ་བརྟན་ཐུབ་པར་བཀའ་དྲིན་རྗེས་དྲན་ཞུ་གི་འདུག
བོད་མི་མང་པོ་ཞིག་རྒྱ་གར་ནང་ཐོག་མར་བཙན་བྱོལ་དུ་འབྱོར་ཏེ། ཡུལ་ལུང་གསར་པ་ཡིན་པས་སྐད་ཡིག་གི་གོ་བརྡ་དང་ས་ཆུ་མི་འཕྲོད་པ། རྒྱ་གར་གྱི་ཡུལ་གོམས་གཤིས་ལུགས་མི་ཤེས་པ། འཚོ་རྟེན་དང་ཟས་གོས་གནས་མལ་གྱི་མཐུན་རྐྱེན་མེད་པ་སོགས་ཧ་ཅང་དཀའ་ཚེགས་ཆེ་བའི་དུས་སྐབས་སུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་སྐྱབས་དཔུང་གཉེན་དང་བརྩེ་གཟིགས་ཟླ་མེད་གནང་བ་དང་། རྒྱ་གར་གཞུང་མང་གིས་ཟས་གོས་དང་ས་ཆའི་མཐུན་རྐྱེན་སྦྱར་བ་སོགས་ལ་བརྟེན་ནས། རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་མང་པོ་ཞིག་འཛུགས་སྐྲུན་དང་ཡར་རྒྱས་ཆེན་པོ་ཕྱིན་པ་དང་མཚུངས་སུ། རྒྱ་གར་ཨོ་རི་ས་མངའ་སྡེའི་ནང་ཆགས་པའི་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱང་། འདས་པའི་ལོ་ངོ་ ༦༠ རིང་སློབ་གྲྭ་དང་གྲོང་སྡེ་འཛུགས་སྐྲུན། དགོན་སྡེ་ཁག་གིས་མཚོན་པའི་ཕྱི་དངོས་པོའི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པས། ཕྱི་ཟླ་ ༣ པའི་ཚེས་ ༣ ནས་ ༤ བར་ཉིན་གཉིས་ཀྱི་རིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་མཚོན་སླད། ཕུན་ཚོགས་གླིང་གཞིས་ཆགས་འདི་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་ཆེན་ཞིག་སྲུང་བརྩི་ཞུས་འདུག
གཞིས་ཆགས་ཀྱི་ས་གནས་འགོ་འཛིན་མཁན་པོ་པད་མ་བསྟན་འཕེལ་ལགས་ཀྱིས། ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ལ་མཚོན་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ངོས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ། ཕྱི་ལོ་༡༩༦༣ལོར་གསར་འཛུགས་གནང་ཐུབ་པ་ཞིག་ཡིན་སྐོར། འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ ༦༠ འཁོར་བའི་དུས་ཆེན་མཛད་སྒོ་དེར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་གནང་སྟེ། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཆེད་ཕེབས་ལམ་སྟོན་གནང་བ་དང་ཕྱོགས་མཚུངས། བླ་མ་ནམ་མཁའ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཊ་ཀུ་མཱར་(Sujeet Kumar)ལགས་ཀྱང་མཛད་སྒོར་བཅར་ཡོད་ལ། གཞིས་ཆགས་འདི་བཞིན་འདས་པའི་ལོ་ ༦༠ རིང་ཕྱི་དངོས་པོའི་ཆ་ནས་དཔེ་མི་སྲིད་པའི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་སོགས། གཞིས་ཆགས་ཀྱི་འབྲེལ་ཡོད་ཀ་ཐོག་སྤྲུལ་སྐུ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང།

ཨོ་རི་ས་བོད་མིའི་གཞིས་ཆགས་གསར་འཛུགས་གནང་སྐབས་ཐོག་མའི་ཆར་ནང་མི་༡༠༠ དང་ ༢༠༠ བར་ཡོད་པ་དང་། རིམ་པས་ཕྱི་ལོ་ ༡༩༦༧ བར་ནང་མི་ ༥༠༠ དང་མི་གྲངས་ ༢༩༦༡ ཙམ་ལ་སྡོད་ཁང་གསར་རྒྱག་གིས་གཞིས་ཆགས་གསར་འཛུགས་ཀྱིས། ཁྱིམ་ཚང་རེ་ལ་རྫ་ཁེབས་དང་འདམ་འབག་གིས་བཟོས་པའི་སྡོད་ཁང་རེ་དང་། ས་ཞིང་འདེབས་ལས་ཀྱི་ཆེད་མི་རེ་ལ་ས་ཞིང་ཨེ་ཀར་གཅིག་རེ་གནང་སྟེ། ཤིང་ནགས་གཅོད་འབྲེག་དང་ས་ཆ་ཁོད་སྙོམ་བཟོས་རྗེས། མངའ་སྡེ་གཞུང་དང་སུད་སི་གཞུང་གིས་ས་ཞིང་འདེབས་ལས་ཀྱི་ཡོ་ཆས་དང་། ཞིང་ལས་ཀྱི་སྦྱོང་བརྡར་རོགས་རམ་སོགས་གང་ལེགས་གནང་བ་མ་ཟད། ཨ་མི་རི་ཀ་སོགས་རྒྱལ་སྤྱིའི་རོགས་ཚོགས་ཁག་ནས་ཀྱང་རོགས་སྐྱོར་གནང་ནས། གཞིས་མི་ཚོར་འཚོ་བའི་དཀའ་ངལ་དེ་ཙམ་འཕྲད་མེད་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་གི་བཀའ་དྲིན་ཉག་གཅིག་ཡིན་པ་སོགས། ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་མཁན་པོ་པད་མ་བསྟན་འཕེལ་ལགས་ཀྱི་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་དུང་ཁོང་གིས་གསུངས་ན། ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་འཚོ་རྟེན་གཙོ་བོ་ནི་ཞིང་ལས་ཀྱི་ཐོན་རྫས་ཨ་ཤོམ་འདེབས་ལས་ཡིན་པ་དང་། དགུན་དུས་སུ་དགུན་ཚོང་བྱེད་སྲོལ་སོགས་ཀྱང་། ད་ཆ་གཞིས་མི་མང་དག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྤོས་བྱས་པར་བརྟེན་དཔལ་འབྱོར་མཁོ་སྒྲུབ་ཐུབ་སྟེ་གཞིས་ཆགས་ལ་ཕན་ཐོགས་ཆེན་པོ་བྱུང་བའང་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་བཙན་བྱོལ་ནང་སོ་ནམ་ཞིང་ལས་གཉེར་མཁན་གྱི་བོད་མིའི་གཞིས་ཆགས་ཆེ་ཁག་བརྒྱད་ཡོད་པ་ལས། ཨོ་རི་ས་བོད་མིའི་གཞིས་ཆགས་དེ་གཅིག་ཡིན་པ་དང་། དེ་སྔོན་གཞིས་མི་མང་པོས་ཞིང་ལས་གཉེར་གྱི་ཡོད་རུང་། ད་ཆ་ནང་མི་ ༤༠ ཙམ་ལས་མེད་པ་དང་། ཕྱི་ལོ་༡༩༦༣ ལོར་ཨོ་རི་ས་བོད་མིའི་གཞིས་ཆགས་ཐོག་མར་འགོ་འཛུགས་སྐབས། སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་དབུས་མ་གཅིག་དང་ཡན་ལག་གཅིག་བཅས་སློབ་གྲྭ་གཉིས་དང་། ཆོས་ཕྱོགས་ཀྱི་ཆ་ནས་གཞིས་གྲོང་རེ་ལ་དགོན་པ་རེ་ཡོད་པས། གཞིས་གྲོང་གསུམ་པ་ལ་བཙུན་མའི་དགོན་པ་གཅིག་དང་གྲྭ་པའི་དགོན་པ་གཅིག་ཡོད་ལ། དགོན་པ་ཆེ་ཤོས་ནི་གཞིས་གྲོང་བཞི་པའི་༸སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རིན་པོ་ཆེ་དང་། དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་རྣམ་གཉིས་ནས་དབུ་ཁྲིད་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པ་ཡིན་པ་དང་། བོད་མིའི་གཞིས་ཆགས་གཞན་དག་སྤྱི་མང་ལ་དཀའ་ངལ་གཅིག་མཚུངས་འཕྲད་བཞིན་པ་དང་འདྲ་བར། ཨོ་རི་ས་བོད་མིའི་གཞིས་ཆགས་ལའང་བོད་མི་མང་དག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྤོས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ད་ཆ་བཀའ་ཤག་གིས་གཞིས་ཆགས་སྲ་བརྟན་ཡོང་ཆེད་རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞི་ཞེས་སྡོད་ཁང་གསར་རྒྱག་གི་ལས་གཞི་ཞིག་གནང་མུས་ཡིན་པས། ཨོ་རི་ས་གཞིས་ཆགས་ལའང་ནང་མི་ ༤༦༠ ཙམ་དང་། ད་ལྟ་གཞིས་མི་ ༡༥༠༠ ཙམ་ཡོད་པ་རེད་འདུག །
གསར་འགོད་པ། བློ་བྷེ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།