བོད་དང་བལ་ཡུལ་གྱི་ས་མཚམས་ཁག་སྒོ་ཕྱེས་པ་དེས་བོད་ནང་ཆབ་སྲིད་ཐད་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་དམིགས་ཡུལ་མེད་པ། ཉམས་ཞིབ་པས་བརྗོད་བྱུང་།

ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༥་ཚེས་༢༥་ཉིན།རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༢༠༢༠ལོར་ཏོག་དབྱིབས་རིམས་སྔོན་འགོག་ཆེད། འགྲོ་སྐྱོད་དང་ཚོང་ལས་སོགས་སྒོ་བརྒྱབ་པའི་བོད་དང་བལ་ཡུལ་གྱི་ས་མཚམས་༡༤བསྐྱར་དུ་སྒོ་ཕྱེ་རྒྱུའི་མཛད་སྒོ་དེ།བོད་ནང་གི་གཞིས་ཀ་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་འདྲེན་ཐང་གྲོང་ཚོའི་ནང་དུ་འཚོགས་ཡོད་པ་དང་། འགག་སྒོ་དེ་དག་སྒོ་ཕྱེ་བ་དང་མཉམ་དུ་རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅན་ཀྲུང་ཟེར་བས།བོད་རང་སྐྱོང་ལྗོངས་ཀྱི་ཕྱི་འབྲེལ་ལས་དོན་བྱེད་མཁན་ལས་ཁུངས་ཁག་གི་མི་སྣ་ཁག་བསྡུ་བསྐོངས་ཀྱིས། བོད་རང་སྐྱོང་ལྗོངས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཛའ་མཐུན་གྱི་བརྗེ་རེས་དང་དངོས་ཡོད་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། རྒྱ་ནག་དང་བལ་ཡུལ་གྱི་ས་མཚམས་ཚོང་འབྲེལ་དང་མཉམ་ལས་ཡག་པོ་སྒྲུབ་པ་དང་མཉམ་དུ་ཆབ་སྲིད་ཀྱི་བསམ་བློ་མཐོར་འདེགས་ཀྱིས། ས་མཚསམས་བརྟན་བརླིང་དགོས་སྐོར་སོགས་བརྗོད་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས།བོད་དང་བལ་ཡུལ་གྱི་འགག་སྒོ་ཁག་ཕྱེས་པ་དེས་བོད་ནང་དཔལ་འབྱོར་གྱི་ཁེ་ཕན་ཙམ་ལས།ཆབ་སྲིད་ཐད་གོང་འཕེལ་གཏོང་རྒྱུའི་བཟང་ཕྱོགས་ཀྱི་དམིགས་ཡུལ་ཞིག་མིན་པ་འགྲེལ་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན།ཐེངས་འདིར་སྒོ་ཕྱེ་བའི་འགག་སྒོ་ཁག་ནི་ཊེབ་ལེ་ཇུང་དང་སན་ཁུ་ཝ་ས་བྷི་ཧ། རྡོ་ལ་ཁ།ཀོར་ཁ།ཀློ་སྨོན་ཐང། རྡོལ་པ།དར་ཆུ་ལ་བཅས་ཡིན་སྐོར་བཀོད་འདུག་ལ།རྒྱ་ནག་གཞུང་འབྲེལ་གཞིས་རྩེ་ས་མཚམས་ཉེན་རྟོག་ཕྱོགས་ནས་གནས་ཚུལ་སྤེལ་བའི་ནང་། ས་མཚམས་ཁག་ཕྱེ་བ་དང་བསྟུན་བོད་ནང་གི་ས་ཁུལ་ཁག་གི་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོབ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བཀོད་འདུག་ལ། ཡང་བལ་ཡུལ་ནང་གནས་སྡོད་འབྲེལ་ཡོད་བཙན་བྱོལ་བོད་མི་ཞིག་ནས། སྤྱིར་བོད་དང་བལ་ཡུལ་གྱི་ཚོང་འབྲེལ་འགག་སྒོ་ཁག་ཕྱེ་བ་དེས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོར་དམིགས་བསལ་ཕན་ཐོགས་མེད་ན་ཡང་། རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་ལམ་ག་ཚོད་ཀྱིས་ཡག་པོ་བྱུང་ན་དེ་ཙམ་གྱིས་བལ་ཡུལ་ནང་གི་བོད་པ་སྐྱབས་བཅོལ་བ་ཚོར་སུན་བཙེར་དམ་དྲགས་སོགས་ཀྱི་དཀའ་ངལ་ཡོད་པ་མ་ཟད། སྔར་ལོ་རྒྱ་ནག་གི་གནོན་ཤུགས་འོག་བོད་པ་ཚོར་ཚོང་ལས་བྱེད་པར་ཡིག་ཆ་མེད་སྐོར་བརྗོད་ནས།བོད་པའི་ཟ་ཁང་དང་ཚོང་ཁང་ཚོར་ཞིབ་བཤེར་དམ་དྲགས་དང་མི་སྒེར་ཚོང་ལས་གཉེར་མཁན་མང་པོ་རྒྱ་གར་དུ་ལོག་དགོས་བྱུང་བ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱིར་བོད་དང་བལ་ཡུལ་གྱི་ས་མཚམས་འགག་སྒོ་ཁག་སྒོ་ཕྱེ་བ་དེས་བལ་ཡུལ་གྱི་ཚོང་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བོད་དང་བལ་ཡུལ་གྱི་ས་མཚམས་འགག་སྒོ་ཁག་ནི། རྒྱ་ནག་དང་བལ་ཡུལ་བར་གྱི་ཆབ་སྲིད་དང་། དཔལ་འབྱོར།རིག་གནས་བཅས་སྤེལ་རེས་ཀྱི་བགྲོད་ལམ་གཙོ་བོ་ཞིག་དང་། ས་མཚམས་དེས་རྒྱ་ནག་དང་བལ་ཡུལ་བར་གྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་དེ་ལྷོ་ཨེ་ཤེ་ཡར་འབྲེལ་ལམ་གྱི་ལམ་ཁ་གལ་ཆེན་ཞིག་ཡིན་སྐོར་སོགས་བསྒྲགས་བཞིན་ཡོད་ན་ཡང་། དེ་སྔ་ཕྱི་ལོ་ ༢༠༢༣ལོའི་ཕྱི་ཟླ་༡༢་ནང་བལ་ཡུལ་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་སན་ཊོ་ཤར་མཱ་(Santosh Sharma) ལགས་ནས། བལ་ཡུལ་ཕྱོགས་ས་མཚམས་ཁག་སྒོ་ཕྱེ་བ་དེས་བལ་ཡུལ་ནང་རྒྱ་ནག་གི་ཡུལ་སྐོར་བ་ཡོང་ཆེད་གལ་གནད་ཆེན་པོར་བརྩི་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བལ་ཡུལ་ནང་བོད་པ་སྐྱབས་བཅོལ་བ་ཚོས་རྒྱ་ནག་ཆབ་སྲིད་ཀྱི་ལས་འགུལ་རིགས་འབྱུང་རྒྱུའི་དོགས་ཟོན་ཤུགས་ཆེར་བྱེད་བཞིན་ཡོད་པ་བརྗོད་ཡོད་པ་རེད།
བོད་དང་བལ་ཡུལ་གྱི་ས་མཚམས་ཁག་ནི་རྒྱ་ནག་དང་བལ་ཡུལ་གྱི་ཚོང་ལས་དང་ཡུལ་སྐོར་འགྲོ་སྐྱོད་ཀྱི་བརྒྱུད་ལམ་གཙོ་གྲས་ཡིན་ན་ཡང་། ཕྱི་ལོ་༢༠༢༠ལོའི་ལོ་མགོར་རྒྱ་ནག་གཞུང་ཕྱོགས་ནས་ཏོག་དབྱིབས་རིམས་ནད་སྔོན་འགོཔག་ཆེད་ས་མཚམས་ཁག་དུས་གཅིག་ལ་སྒོ་བརྒྱབ་ཡོད་པ་རེད་ལ།གནད་དོན་དེས་བལ་ཡུལ་གྱི་དཔལ་འབྱོར་ཡོང་སྒོ་ལ་ཤུགས་རྐྱེན་ཡོང་གི་ཡོད་སྟབས།བལ་ཡུལ་ངོས་ནས་ས་མཚམས་འགག་སྒོ་ཁག་བསྐྱར་དུ་སྒོ་ཕྱེ་རྒྱུའི་རེ་སྐུལ་ཐེངས་བྱས་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་༤་ནང་བལ་ཡུལ་གྱི་སྲིད་བློན་གཞོན་པ་སྐུ་ཞབས་Shresthaབོད་ཀྱི་རྒྱལ་ས་ལྷ་སར་ཆེད་བསྐྱོད་ཀྱིས། རྒྱ་ནག་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་འགོ་ཁྲིད་ཁག་གཅིག་དང་ཐུག་འཕྲད་ཀྱིས་རྒྱ་གཞུང་ནས་བལ་བོད་ས་མཚམས་ཀྱི་འགག་སྒོ་ ༡༤ སྒོ་ཕྱེ་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།