ཡོ་རོབ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་ཚབས་གསལ་སྟོན་དང་སྦྲགས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

2025.04.10
ཡོ་རོབ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་ཚབས་གསལ་སྟོན་དང་སྦྲགས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག སྦར་སིལ་སྐུ་ཚབ་དོན་གཅོད་ཡོ་རོབ་གྲོས་ཚོགས་འཐུས་མི་ཨར་ཀ་ཌུས་དང་ལྷན། ༢༠༢༥།༠༤།༠༩ ཉིན།
CTA

ཟླ་ ༤ ཚེས་ ༩ ཉིན་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་དོན་གཅོད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་ཡོ་རོབ་བོད་དོན་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས། ཡོ་རོབ་གྲོས་ཚོགས་འཐུས་མི་(Arkadiusz MULARCZYK) དང་  (Dainius Zalimas)། (Verena Mertens) དང་ (Milan Zver) བཅས་དང་ཐུག་འཕྲད་ཀྱིས། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་གྱིས། ཡོ་རོབ་རྒྱལ་ཁབ་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ཀྱི་ཐད་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་པར། གྲོས་ཚོགས་འཐུས་མི་རྣམས་ནས་མ་འོངས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད་འདུག

དེ་འབྲེལ་སྦར་སིལ་སྐུ་ཚབ་དོན་གཅོད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན། ཁོང་རྣམས་ནས་ཡོ་རོབ་གྲོས་ཚོགས་ཐུས་མི་ཁག་གཅིག་དང་མཇལ་འཕྲད་སྐབས་གཙོ་བོ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་ཉེ་ལམ་སྤྲུལ་སྐུ་ཧུཾ་ཀར་རྡོ་རྗེ་མཆོག་རྒྱ་ནག་གཞུང་གི་ངན་བྱུས་འོག་དགོངས་པ་རྫོགས་པའི་སྐོར་གྱི་གནས་ཚུལ་སྣ་གསེང་ཞུས་པར། ཡོ་རོབ་གྲོས་ཚོསག་འཐུས་མི་རྣམས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས། མུ་མཐུད་བོད་དོན་ཐོག་ཕྱག་ལས་དང་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ཐད་ཐུགས་ཚབས་ཆེན་པོ་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

མ་ཟད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཇེ་སྡུག་དང་དམ་དྲག་ཤུགས་ཆེ་རུ་འགྲོ་བཞིན་པའི་ཁྲོད་འདིར། གྲོས་ཚོགས་འཐུས་མི་རྣམས་ནས་ནུས་པ་གང་ཡོད་ཐོག་བོད་དོན་ལ་དངོས་སུ་ཕན་ཐོགས་པའི་ཕྱག་ལས་གནང་གལ་ཆེ་བའི་རེ་སྐུལ་ཞུས་པ་ལྟར། གྲོས་ཚོགས་འཐུས་མི་རྣམས་ནས་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད་འདུག

thumbnail_IMG_3957-1024x768.jpg
སུད་སི་དོན་གཅོད་དང་འཇར་མ་ནི་ཆོས་དད་རང་དབང་ལྷན་ཁང་གི་འགན་འཛིན། ༢༠༢༥།༠༤།༡༠ ཉིན།

གཞན་ཡང་ཟླ་བ་འདི་ཚེས་  ༧ ནས་ ༨ བར་ཉིན་གྲངས་གཉིས་ཀྱི་རིང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲིལ་བསྒྲགས་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམས་གཉིས་ནས་ཀྱང་། ཇར་མ་ནི་ཁུལ་དུ་བོད་དོན་ཞུ་གཏུག་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་འབྲེལ། འཇར་མ་ནི་ཕྱི་འབྲེལ་ལས་ཁུངས་ཀྱི་དཔོན་རིགས་ཁག་གཅིག་དང་ཆོས་དད་རང་དབང་ལྷན་ཁང་གི་འགན་འཛིན་ (Anke Oppermann) ལགས། དེ་བཞིན་འཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། འཇར་མན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་དང་ཐུག་འཕྲད་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པ་དེ་ཉིད་ཕྱག་རྟགས་སུ་ཕུལ་ཏེ། རྒྱ་ནག་གཞུང་གིས་མགོན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དེར་ཐུགས་འཁུར་བཞེས་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དང་། བོད་ཀྱི་སྐད་དང་རིག་གཞུང་རྩ་གཏོར་གཏོང་བཞིན་པའི་གནད་དོན་སོགས་འགྲེལ་བརྗོད་གནང་ཡོད་པ་རེད་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎