པེ་ཅིང་དུ་ཟམ་པའི་སྟེང་ལས་འགུལ་སྤེལ་མཁན་ཕིན་ལི་ཧྥ་ལགས་འཛིན་བཟུང་གིས་ལོ་གཅིག་འཁོར་བ།

རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་༡༩འགོས་ཁྱབ་ལ་བཀག་འགོག་ཆེད་ཁྱིམ་སྡོད་བཀའ་རྒྱ་བཀྲམས་ཏེ། དམ་དྲགས་ཤུགས་ཆེའི་དབང་གིས་མི་མང་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་པ་དང་། ལྷག་པར་སྤྱི་ལོ་༢༠༢༢ལོའི་ཟླ་བ་༡༠པའི་ཚེས་༡༣ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་༢༠འཚོགས་ཏེ། ཁྲིམས་འགལ་གྱི་ལམ་ནས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབང་ཆ་བསྐྱར་དུ་འཛིན་རྒྱུ་སྲ་བརྟན་གྱི་འཆར་འགོད་བྱེད་བཞིན་པའི་སྐབས་ཐོག་དེར། རྒྱ་ནག་གི་ལས་འགུལ་པ་ཕིན་ལི་ཧྥ་ལགས་ནས་རྒྱ་ནག་རྒྱལ་ས་པེ་ཅིང་གི་ཟམ་པ་ཞིག་གི་སྟེང་། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ནི་སྲིད་དབང་སྒེར་གཅོད་པ་དང་རྒྱལ་ཚོང་བ་ཡིན་པས། སྲིད་དབང་གི་གོ་ས་ནས་རྩ་དགོངས་གཏོང་དགོས་པ་སོགས་ཀྱི་འཕྲེད་དར་དཔྱངས་པར་བརྟེན། དུས་ཚོད་ཧ་ཅང་ཛ་དྲག་གི་སྐབས་དེར་ངོ་རྒོལ་བྱུང་བར་རྒྱལ་སྤྱི་དང་རྒྱ་ནག་ནང་སྐད་གྲགས་ཆེན་པོ་བྱུང་སྟེ། ལས་འགུལ་པ་ཁོང་འཕྲལ་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་བར་ལོ་གཅིག་ཧྲིལ་བོ་འཁོར་ཡོད་ནའང་། ཁོང་གི་བདེ་འཇགས་དང་གར་ཡོད་ཀྱི་གནས་ཚུལ་གསལ་ཁ་མེད་པ་རེད་དེ། ཁོང་གི་ལས་འགུལ་གྱི་ཤུགས་རྐྱེན་གྱིས་རྒྱ་ནག་ནང་མང་གཙོའི་ལས་འགུལ་དང་ཤོག་བུ་དཀར་པོའི་ལས་འགུལ་སོགས་བྱུང་བ་མ་ཟད། རྒྱལ་སྤྱིའི་སྲིད་དོན་པ་ཚོའི་ནང་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་བསམ་འཆར་འདོན་མཁན་ཀྱང་ཡོང་གི་ཡོད་སྐོར། བོད་གནས་དང་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་ཡན་ལག་གི་འགན་འཛིན་(Elaine Pearson)ལགས་ནས་ཀྱང་། ཁོང་གི་ལས་འགུལ་ལ་བརྟེན་ནས་རྒྱ་ནག་ནང་འགྱུར་བ་ཕྱིན་ཏེ་རྒྱལ་ཡོངས་སུ་ངོ་རྒོལ་སྣ་ཚོགས་ལུ་གུ་བརྒྱུད་དུ་བྱུང་ཡོད་པ་དང་། དམིགས་བསལ་རྒྱ་ནག་ནང་གི་གཞོན་སྐྱེས་ཚོས་གློ་བུར་དུ་གཞན་ལ་འབྲེལ་མཐུད་ཀྱི་ལམ་ཁ་རྙེད་དེ་ཁོ་ཚོ་ཁེར་རྐྱང་མིན་པ་ཤེས་ཡོད་པ་མ་ཟད། འཛམ་གླིང་གང་སའི་མཐོ་སློབ་ཁག་ཏུ་དེ་འབྲེལ་གྱི་ངོ་རྒོལ་སྣ་ཚོགས་ལངས་པ་དང་། རྒྱ་ནག་ནང་བོད་མི་དང་ཡུ་གུར་མི་རིགས་སོགས་ལའང་རྒྱ་ནག་གིས་དྲག་གནོན་ཚབས་ཆེན་བྱེད་བཞིན་པའི་ཁ་གཏད་དུ་ལངས་རྒྱུར་སེམས་ཤུགས་སྦྱིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས་ལས་འགུལ་པ་ཕིན་ལི་ཧྥ་ལགས་གཅར་རྡུང་མནར་གཅོད་ཀྱིས་ལུས་པོ་བེད་མེད་དུ་གྱུར་ཡོད་པ་གོ་ཐོས་འབྱུང་གི་ཡོད་པས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ན་མཇུག་འབྲས་ཅི་འབྱུང་གནས་ཚུལ་འདིས་གསལ་བོ་མཚོན་ཐུབ་པ་དང་། རྒྱ་ནག་ནང་ཐ་ན་དམར་ཤོག་གཞུང་རང་གི་ཁྲིམས་ལུགས་ལག་བསྟར་གནང་རོགས་ཀྱི་འབོད་སྐུལ་བྱས་པའི་ཁྲིམས་རྩོད་པ་ཚོ་ཚུན་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པར་བརྟེན། རྒྱ་ནག་གི་འོག་ཞི་བའི་ངོ་རྒོལ་བྱེད་དགོས་བྱུང་ནའང་གནས་སྟངས་ཧ་ཅང་ཁག་པོ་ཆགས་ཡོད་ཅེས་ཀྱང་འགྲེལ་བརྗོད་གནང་གི་འདུག
ཕིན་ལི་ཧྥ་ལགས་ཀྱིས་སྐབས་དེར་ད་དུང་འཕྲེད་དར་གཞན་ཞིག་གི་སྟེང་། ང་ཚོ་ལ་ཟ་མ་དགོས་པ་ལས་ནད་དུག་བརྟག་དཔྱད་མི་དགོས། རང་དབང་དགོས་པ་མ་གཏོགས་ཁྱིམ་སྡོད་བཀའ་རྒྱ་མི་དགོས།ང་ཚོར་གུས་བརྩི་དགོས་པ་ལས་མགོ་སྐོར་མི་དགོས། བཅོས་བསྒྱུར་དགོས་པ་མ་གཏོགས་རིག་གནས་གསར་བརྗེ་མི་དགོས། འོས་ཤོག་འཕེན་བཅུག་དགོས་པ་མ་གཏོགས་དབུ་ཁྲིད་ཆེན་པོ་དགོས་དོན་མེད། ང་ཚོ་མི་སེར་བྱ་འདོད་ཡོད་མ་གཏོགས་བྲན་གཡོག་བྱ་འདོད་མེད་ཅེས་ཀྱང་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།